རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་རྐྱེན་གྱིས་བོད་ཀྱི་ལྷ་ས་ཁུལ་དུ་མི་མང་གི་འཚོ་བ་དང་ཚོང་ལས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་འདུག
སོ་སོས་དཀའ་ལས་མ་བརྒྱབ་ན་མ་འོངས་པར་གཞུང་ངོས་ནས་རོགས་སྐྱོར་རིགས་ཡོང་རྒྱུར་རེ་བ་བྱེད་ཀྱི་མེད་སྐོར་འགྲེལ་བརྗོད་གནང་བྱུང་།
- 2024-01-10
-
-
-
Your browser doesn’t support HTML5 audio
ད་ལྟའི་ཆར་རྒྱ་ནག་ནང་དུ་དཔལ་འབྱོར་ཉམས་རྒུད་དང་འབྲེལ་བཟོ་ཚོང་ཁང་མང་པོ་སྒོ་རྒྱག་དགོས་འཁེལ་ཏེ། མི་མང་སྤྱིའི་འཚོ་བ་དང་ལས་ཀ་ཤོར་བ། ལས་གཉེར་བྱེད་ས་མི་རག་པ་སོགས་ཀྱི་ཤུགས་རྐྱེན་ཡོང་བཞིན་ཡོད་པ་ལྟར། ཕྱི་ལོ་ ༢༠༢༣ ལོའི་ལོ་མཇུག་ནས་བཟུང་དཔལ་འབྱོར་ཉམས་རྒུད་ཀྱི་ཤུགས་རྐྱེན་དེ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ལ་ཐེབས་བཞིན་ཡོད་པ་དང་། ལྷ་ས་གྲོང་ཁྱེར་དུ་མི་མང་ཆེ་བས་འཚོ་བ་ཚོང་ལས་དང་ལས་གཉེར་ལ་བརྟེན་ནས་ཡོད་པས། ད་ལྟ་བཟོ་ཚོང་ཁང་དང་ཁེ་གཉེར་ཚོང་ལས་ཁང་ཁག་ཏུ་ལས་ཀ་མི་རྙེད་པ་དང་། ལྷག་པར་དུ་ཚོང་ལས་ཙག་ཙིག་གཉེར་མཁན་དང་ཟ་ཁང་། ཇ་ཁང་ཚོར་ཡོང་སྒོ་མེད་པའི་གནས་སྟངས་འོག་སྒོ་བརྒྱབ་དགོས་པའི་གནས་སྟངས་བྱུང་གི་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་བོད་མི་གཅིག་ནས་མུ་མཐུད་བརྗོད་དོན་ལ། སྤྱིར་ན་ཕྱི་ལོ་ ༢༠༢༣ ལོ་ནས་བཟུང་ལྷ་ས་ཁུལ་དུ་དཔལ་འབྱོར་ཉམས་རྒུད་ཀྱི་ཤུགས་རྐྱེན་ཡོང་མགོ་ཚུགས་ཡོད་པ་དང་། ཕྱི་ལོ་ ༢༠༢༣ ལོའི་ལོ་མགོ་ལྟ་བུར་མཚོན་ན་རིམས་ནད་ཀྱི་དཀའ་ངལ་མ་བལྟོས་པར། ང་རང་སྒེར་གྱི་ཇ་ཁང་ལ་ཚོང་ལས་འགྲིག་ཙམ་བྱུང་ན་ཡང་། དེང་སྐབས་ཟ་ཁང་དང་འཚིག་ཇ་ཁང་གཉིས་ནས་ཁང་གླ་སྤྲོད་ཐུབ་མིན་གྱི་གནས་སྟངས་ལྟ་བུ་བྱུང་གི་འདུག་ལ། སྤྱིར་ལྷ་ས་ཁུལ་ཡོངས་ནས་ཚོད་རྩིས་བྱས་ན་འཚིག་ཇ་ཁང་ ༦༠༠ ལྷག་ཡོད་པའི་བཤད་སྲོལ་ཡོད་ཀྱང་། དེང་སྐབས་མི་མང་སྤྱིའི་དཔལ་འབྱོར་ཉམས་རྒུད་རྐྱེན་གྱིས་སྐུ་མགྲོན་ཡོང་མཁན་མེད་པར། ཟླ་བ་རེའི་ནང་འཚིག་ཇ་ཁང་དང་ཟ་ཁང་གསུམ་ནས་བཞི་བར་སྒོ་རྒྱག་དགོས་འཁེལ་གྱི་ཡོད་པ་མ་ཟད། མུ་མཐུད་ཚོང་ལས་གཉེར་མཁན་ཚོས་ཁང་གླ་དང་ལྟོ་རྒྱབ་ཡོང་རེ་ཙམ་ལས་ཁེ་ཕན་ལ་རེ་བ་བྱེད་ཀྱི་མེད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་ངོས་ནས་ཕྱི་ལོ་ ༢༠༢༣ ལོའི་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་བསྡོམས་འབོར་ཡོང་འབབ་བརྒྱ་ཆ་ ༩ འཕར་ཡོད་པ་དང་། གྲོང་གསེབ་ཁག་ཏུ་མི་རེའི་ཡོང་འབབ་ཁྱོན་རྒྱ་སྒོར་ཁྲི་ ༢ དང་གྲོང་སྡེ་ཁག་ཏུ་ཁྲི་ ༥ བར་ཡིན་པས། ལོ་སྔོན་མ་དང་བསྡུར་ན་གྲོང་གསེབ་ཁག་ཏུ་དཔལ་འབྱོར་བརྒྱ་ཆ་ ༦.༥ དང་། གྲོང་སྡེ་ཁག་ཏུ་བརྒྱ་ཆ་ ༡༠ བར་འཕར་ཡོད་སྐོར་བརྗོད་འདུག་ན་ཡང་། གོང་ཞུས་འབྲེལ་ཡོད་ནས་མུ་མཐུད་ཕྱི་ལོ་ ༢༠༢༣ ལོར་དམིགས་བསལ་ལས་མེད་དང་འཚོ་བར་དཀའ་ཁག་ཅན་གྱི་མི་མང་པོ་ཐོན་བཞིན་ཡོད་པ་དང་། དམིགས་བསལ་དཔལ་འབྱོར་མཁོ་སྒྲུབ་བྱེད་མཁན་གྲས་ནས་ཚོང་གཉེར་མཁན་དང་ལས་གླར་བརྟེན་པའི་མི་ཚོར་ཡོང་འབབ་མེད་པའི་དཀའ་ངལ་འོག རང་ཁ་མི་སོས་པའི་གནས་སྟངས་འོག་ཡོད་པའི་མི་མང་པོ་བྱུང་བཞིན་ཡོད་ཀྱང་། གཞུང་ངོས་ནས་དཔལ་འབྱོར་ཉམས་རྒུད་བྱུང་བཞིན་པ་ཤེས་ཚོར་བྱུང་བཞིན་ཡོད་པ་ལས་ཚོང་ལས་རོགས་སྐྱོར་རིགས་དེ་སྔ་ནས་སྤྲད་མྱོང་མེད་པ་དང་། སོ་སོས་དཀའ་ལས་མ་བརྒྱབ་ན་མ་འོངས་པར་གཞུང་ངོས་ནས་རོགས་སྐྱོར་རིགས་ཡོང་རྒྱུར་རེ་བ་བྱེད་ཀྱི་མེད་སྐོར་འགྲེལ་བརྗོད་གནང་བྱུང་།
ཡང་འབྲེལ་ཡོད་གཞན་ཞིག་ནས། ང་རང་ལ་མཚོན་ན་སྔར་ལོའི་ལོ་དཀྱིལ་ཙམ་ནས་ལྷ་སར་མ་བསྡད་པར་རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་ལས་ཀ་འཚོལ་བར་ཕྱིན་ན་ཡང་། རྒྱ་ནག་ནང་ལས་ཀ་ཡག་པོ་མི་རྙེད་པ་གང་ཞིག་ལ་གླ་ཆ་སོགས་ནས་ཉམ་ཆགས་ལ་ཕྱིན་འདུག་ལ། ཕྱི་ལོ་ ༢༠༢༤ ལོའི་ལོ་མགོར་ཕྱིར་ལྷ་སར་ཡོང་ན་ཡང་ལྷ་ས་ནས་ལས་ཀ་མི་རྙེད་པ་གཅིག་མཚུངས་ཡིན་པ་དང་། སྔར་ལོའི་མགོ་དཀྱིལ་དང་བསྡུར་ན་ལྷ་ས་ཁུལ་དུ་དཔལ་འབྱོར་འབྱོར་ཉམ་རྒུད་ཀྱི་ཤུགས་རྐྱེན་དེ་ད་ལྟ་མི་མང་སྤྱིའི་འཚོ་བའི་ཁྲོད་ཐེབས་བཞིན་པ་ཞིག་ཆགས་ཡོད་པ་དང་། སྒེར་ངོས་ནས་ཚོང་ལས་ཤིག་གཉེར་དགོས་བསམ་ཡང་མི་མང་ཚང་མར་འཇིགས་སྣང་ལྟ་བུ་ཡོང་གི་ཡོད་པས། གདེང་ཚོད་གང་ཡང་མེད་པར་ལྷག་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
ཕྱི་ལོ་ ༢༠༢༤ ལོའི་ལོ་མགོ་དང་བསྟུན་རྒྱ་ནག་གཞུང་གིས་ལྷ་ས་ཁུལ་དུ་སྲིད་གྲོས་དང་འཐུས་མི་ཚོགས་ཆེན་སྐབས་ ༡༢ བ་ཟེར་བའི་སྟེང་། འདི་ལོ་བོད་རང་སྐྱོང་ལྗོངས་ནང་རྒྱ་སྒོར་ཐེར་འབུམ་ ༨༠ བཏང་སྟེ་རང་སྐྱོང་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་ལྷག་པར་དུ། འཛུགས་སྐྲུན་དང་ལམ་ཁ་སོགས་ཡར་རྒྱས་གཏོང་རྒྱུ་ཡིན་སྐོར་བརྗོད་ཡོད་ན་ཡང་། གཞུང་འབྲེལ་དཔལ་འབྱོར་འཆར་གཞི་ཟེར་བའི་ནང་སྔར་ལོའི་ལྷ་སའི་རྒྱལ་ནང་དཔལ་འབྱོར་འཕར་ཚད་བསྡོམས་འབོར་བརྒྱ་ཆ་ ༩ ཡིན་པ་དང་། ཕྱི་ལོ་ ༢༠༢༤ ལོའི་དཔལ་འབྱོར་འཕར་ཚད་འཆར་གཞི་བརྒྱ་ཆ་ ༨ ལ་བཟུང་ཡོད་ཅེས། སྔར་ལོ་དང་བསྡུར་ན་བརྒྱ་ཆ་གཅིག་དམའ་རུ་ཕྱིན་ཡོད་པ་རེད།
གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།