རྒྱ་གར་གནས་མཇལ་བ་ཚོར་རྒྱ་ནག་གིས་ཐོངས་མཆན་སྤྲད་མེད་པ།

གངས་རིན་པོ་ཆེར་གནས་སྐོར་རུ་བསྐྱོད་མཁན་རྒྱ་གར་གནས་མཇལ་བ་ཚོར་རྒྱ་ནག་གཞུང་གིས་འགྲིམ་འགྲུལ་གྱི་ཐོངས་མཆན་སྤྲད་མེད་པ་རེད།

༄༅༎བོད་ཀྱི་གནས་ཆེན་གངས་རིན་པོ་ཆེར་གནས་སྐོར་རུ་བསྐྱོད་མཁན་རྒྱ་གར་གྱི་ཧིན་རྡུ་གནས་མཇལ་བ་ཚོར་རྒྱ་ནག་གཞུང་གིས་འགྲིམ་འགྲུལ་གྱི་ཐོངས་མཆན་མ་སྤྲད་པའི་རྐྱེན་གནས་སྐོར་བ་སྟོང་ཕྲག་མང་པོའི་གནས་མཇལ་ཕྱིར་འཐེན་བྱེད་དགོས་པ་དང་ཡང་ན་ཕྱིར་འགྱངས་བྱེད་དགོས་པའི་དཀའ་ངལ་ཆེན་པོ་བཟོས་ཡོད་པའི་གནས་ཚུལ་ཐོན་འདུག་༎

ལོ་སྟར་ཟླ་བ་༦པའི་ཚེས་ཤར་ནས་འགོ་འཛུགས་ཀྱི་རྒྱ་གར་ནས་ཧིན་རྡུ་ཆོས་དད་པ་སྟོང་ཕྲག་མང་པོས་བལ་ཡུལ་བརྒྱུད་དེ་ བོད་ཀྱི་གནས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་གཉིས་སུ་གནས་མཇལ་དུ་བསྐྱོད་ཀྱི་ཡོད་པ་རེད་ ཡིན་ཡང་བལ་ཡུལ་ནང་གི་འགྲིལ་འགྲུལ་ཁེ་ལས་ཚོས་བརྗོད་ན་ རྒྱ་ནག་གཞུང་གིས་འདི་ལོ་བལ་ཡུལ་བརྒྱུད་ནས་རྒྱ་གར་གྱི་གནས་མཇལ་བ་རྣམས་ གངས་རིན་པོ་ཆེར་གནས་སྐོར་ཏུ་བསྐྱོད་ཆོག་པའི་འགྲིལ་འགྲུལ་གྱི་ཐོངས་མཆན་བཀག་སྡོམ་བྱས་ཡོད་པ་རེད་ རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་གསུང་ན་ རྒྱ་ནག་གཞུང་གིས་གངས་རིན་པོ་ཆེར་གནས་སྐོར་རུ་བསྐྱོད་ཆོག་པའི་ཐོངས་མཆན་བཀག་སྡོམ་བྱེད་དགོས་དོན་ནི་ རྒྱ་ནག་ནང་ཁུལ་གྱི་ཆབ་སྲིད་ཀྱི་རྒྱུ་མཚན་ལ་རྟེན་ནས་ཡིན་ལུགས་འགྲེལ་བརྗོད་གནང་ཡོད་པར་གསུང་འདུག རྒྱ་ནག་གཞུང་གིས་རྒྱ་གར་གྱི་གནས་མཇལ་བ་རྣམས་ལ་འགྲིམ་འགྲུལ་གྱི་ཆོག་མཆན་བཀག་སྡོམ་ཙམ་མ་ཟད་ ཕྱི་ཟླ་༦པའི་ཚེས་༢༠ཉིན་པེ་ཅིང་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བོད་ནང་ཁྱེར་རྩིས་ཡོད་སྟབས་ དེ་སྔོན་འགྲིལ་འགྲུལ་གྱི་ཆོག་མཆན་ཐོབ་ཟིན་པའི་གནས་སྐོར་བ་རྣམས་ལའང་ཆོག་མཆན་ཕྱིར་འཐེན་བྱས་ཡོད་པ་རེད་ ད་རེས་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཧིན་རྡུ་གནས་མཇལ་བ་རྣམས་ལ་གནས་མཇལ་དུ་བསྐྱོད་རྒྱུའི་ཆོག་མཆན་བཀག་སྡོམ་བྱས་པ་དེས་ གནས་སྐོར་བ་སྟོང་ཕྲག་མང་པོར་བློ་ཕམ་བཟོས་འདུག་པ་དང་ དགུང་ལོ་༤༨ ཡིན་པའི་རྒྱ་གར་བ་ རཱ་ཇེན་རྡར་གོ་ཡལ་ ཞུ་བས་ ཁོང་གནས་ཆེན་གངས་རིན་པོ་ཆེར་གནས་སྐོར་ཏུ་བསྐྱོད་ཆེད་ལོ་ངོ་བཅུ་ཙམ་རིང་ནས་ངང་སྒུག་གྲ་སྒྲིགས་དང་ གནས་སྐོར་བ་ཚང་མ་ཆོས་ཕྱོགས་ཀྱི་གནས་མཇལ་དུ་བསྐྱོད་པ་མ་གཏོགས་ཆབ་སྲིད་དང་ཡང་ན་ལས་འགུལ་བ་སོགས་གང་ཡང་མིན་པའི་དགོངས་ཚུལ་འགྲེལ་བརྗོད་གནང་འདུག་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org