ལྷོ་ཀོ་རི་ཡའི་མི་སྒེར་གྱི་གནས་ཚུལ་སྲུང་སྐྱོབ་ལྟ་ཞིབ་ཁང་གིས་ཌིབ་སིག་གིས་ལྷོ་ཀོ་རི་ཡའི་མི་ས་ཡ་༡.༥ཡི་གནས་ཚུལ་ཁྲིམས་འགལ་ཐོག་རྐུ་ཁྱེར་བྱེད་བཞིན་པ་གསལ་སྟོན་བྱས་འདུག
ཟླ་ ༤ ཚེས་ ༢༤ རེས་གཟའ་ཕུར་བའི་ཉིན་ལྷོ་ཀོ་རི་ཡའི་ (PIPC) ཞེས་མི་སྒེར་གྱི་གནས་ཚུལ་སྲུང་སྐྱོབ་ལྟ་ཞིབ་ཁང་གིས་རྒྱ་ནག་གི་བཟོ་སྐྲུན་བྱས་པའི་མིས་བཟོས་རིག་ནུས་ (DeepSeek) གིས་ལྷོ་ཀི་རི་ཡའི་ནང་རིག་ནུས་དེ་བཞིན་བཀོལ་སྤྱོད་བྱེད་མཁན་རྣམས་ཀྱི་སྒེར་གྱི་གནས་ཚུལ་ཆོག་མཆན་མེད་པར་རྒྱ་ནག་དང་ཨ་རིའི་ཁེ་ལས་པར་མཁོ་སྤྲོད་བྱེད་བཞིན་ཡོད་པ་བརྗོད་འདུག
- 2025-04-24
-
-
-
ཟླ་ ༤ ཚེས་ ༢༤ རེས་གཟའ་ཕུར་བའི་ཉིན་ལྷོ་ཀོ་རི་ཡའི་ (PIPC) ཞེས་མི་སྒེར་གྱི་གནས་ཚུལ་སྲུང་སྐྱོབ་ལྟ་ཞིབ་ཁང་གིས་རྒྱ་ནག་གི་བཟོ་སྐྲུན་བྱས་པའི་མིས་བཟོས་རིག་ནུས་ (DeepSeek) གིས་ལྷོ་ཀི་རི་ཡའི་ནང་རིག་ནུས་དེ་བཞིན་བཀོལ་སྤྱོད་བྱེད་མཁན་རྣམས་ཀྱི་སྒེར་གྱི་གནས་ཚུལ་ཆོག་མཆན་མེད་པར་རྒྱ་ནག་དང་ཨ་རིའི་ཁེ་ལས་པར་མཁོ་སྤྲོད་བྱེད་བཞིན་ཡོད་པ་བརྗོད་འདུག
ལྷོ་ཀོ་རི་ཡའི་སྒེར་གྱི་གནས་ཚུལ་སྲུང་སྐྱོབ་ལྷན་ཚོགས་ཀྱིས་གསལ་བསྒྲགས་བྱས་པ་ལྟར་ན། ཌིབ་སིག་གིས་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༡༥ ནས་ཟླ་ ༢ ཚེས་ ༡༥ བར་དུ་མཉེན་ཆས་བཀོལ་སྤྱོད་བྱེད་མིའི་གནས་ཚུལ་རྒྱ་ནག་གི་ཚོང་ལས་ཁང་གསུམ་དང་ཨ་རིའི་ཚོང་ལས་ཁང་གཅིག་ལ་མཁོ་སྤྲོད་བྱས་ཡོད་པ་རེད་འདུག་ལ། དཔྱད་ཞིབ་ལྟར་ན་བཀོལ་སྤྱོད་བྱེད་མཁན་ས་ཡ་ ༡.༥ ཡི་གནས་ཚུལ་ཁྲིམས་འགལ་གྱིས་ཕྱི་རྒྱལ་དུ་གཏོང་སྤྲོད་བྱས་ཡོད་སྲིད་པ་བརྗོད་འདུག
ཌིབ་སིག་གིས་དྲ་རྒྱའི་མཉེན་ཆས་ནང་གི་གནས་ཚུལ་ཙམ་མ་ཟད། བཀོལ་སྤྱོད་བྱེད་མི་ཚོས་མིས་བཟོས་རིག་ནུས་དེའི་ནང་བཅུག་པའི་ནང་དོན་ཡང་ཊིག་ཊོག་ (TikTok) ཡི་བཟོ་ཚོང་ལས་ (ByteDance) ཡི་ལས་ཁུངས་(Volcano) གཙོས་པའི་རྒྱ་ནག་གྱི་ཚོང་ལས་ཁང་གསུམ་ལ་མཁོ་སྤྲོད་བྱས་ཡོད་པའང་གསལ་སྟོན་བྱས་ཡོད་པ་རེད་འདུག་ལ། ཊིབ་སིག་གིས་ཀྱང་ཝོལ་ཁེ་ནོ་ལ་གནས་ཚུལ་མཁོ་སྤྲོད་བྱས་པའི་ཁས་ལེན་བྱས་ཡོད་ཀྱང་། དེ་ལྟར་བྱས་དོན་ནི་མིས་བཟོས་རིག་ནུས་དེའི་བདེ་འཇགས་ཀྱི་ནུས་པ་ཡར་རྒྱས་གཏོང་ཆེད་ཙམ་ལས། ཚོང་འགྲེམས་ཀྱི་དམིགས་ཡུལ་མེད་ཅིང་ཁྲིམས་ལུགས་ཀྱི་དགོས་མཁོ་དང་མཐུན་པར་སྒེར་གྱི་གནས་ཚུལ་སྲུང་སྐྱོབ་ནན་པོ་བྱས་ཡོད་པ་བརྗོད་ཡོད་པ་རེད་འདུག
ལྷོ་ཀོ་རི་ཡའི་སྒེར་གྱི་གནས་ཚུལ་སྲུང་སྐྱོབ་ལྷན་ཚོགས་ (PIPC) ཀྱིས། ཊིབ་སིག་ངོས་ནས་གལ་ཏེ་ནག་ཉེས་དེར་ཉིན་ ༡༠ ནང་དང་ལེན་གྱིས་ལྷན་ཚོགས་སུ་སྙན་སེང་ཞུ་དགོས་ཞེས་བརྗོད་འདུག
གཞན་ཡང་ལྷོ་ཀོ་རི་ཡའི་སྒེར་གྱི་གནས་ཚུལ་སྲུང་སྐྱོབ་ལྷན་ཚོགས་ཀྱིས་ཞིབ་འཇུག་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། ཌིབ་སིག་མིས་བཟོས་རིག་ནུས་དེས་ཨ་རིའི་བེད་སྤྱོད་པ་ཚོའི་གནས་ཚུལ་རྣམས་ཐབས་ལམ་སྣ་མང་བརྒྱུད་རྒྱ་ནག་ལ་བཏང་གི་ཡོད་པས། ཨ་རི་བ་བཀོལ་སྤྱོད་བྱེད་མཁན་ས་ཡ་མང་པོའི་གནས་ཚུལ་དེ་དག་ནི་རྒྱ་ནག་ལ་རིན་ཐང་ཆེ་བའི་གནས་ཚུལ་གྱི་འབྱུང་ཁུངས་ཤིག་ཏུ་གྱུར་ཡོད་ཅེས་བརྗོད་ཡོད་པ་རེད།
གནད་དོན་དེ་འབྲེལ་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ (Guo Jiakun) ཡིས། ཟླ་ ༤ ཚེས་ ༢༤ ཉིན་གྱི་འཆར་ཅན་གསར་འགོད་གསལ་བསྒྲགས་སྐབས། རྒྱ་ནག་གཞུང་ངོས་ནས་སྒེར་དང་ཚོགས་པ་ཁག་གི་གསང་བའི་གནས་ཚུལ་ལ་གུས་བརྩི་ཞུ་ཡི་ཡོད་ཅིང་། ང་ཚོས་དུས་ནམ་ཡང་སྒེར་དང་ཚོགས་པ་གང་རུང་ཞིག་བརྒྱུད་ཁྲིམས་འགལ་ཐོག་ནས་སྒེར་གྱི་གནས་ཚུལ་རྐུ་ཁྱེར་བྱེད་མི་སྲིད་ཅེས་བརྗོད་འདུག
ཟླ་ ༢ ཚེས་ ༡༧ ཉིན་ལྷོ་ཀོ་རི་ཡའི་མི་སྒེར་གྱི་གནས་ཚུལ་སྲུང་སྐྱོབ་ལྟ་ཞིབ་ཁང་གི་གནས་ཚུལ་ལྟར་ན། ལྷོ་ཀོ་རི་ཡས་རྒྱ་ནག་གིས་བཟོས་བའི་མིས་བཟོས་རིག་ནུས་ཌིབ་སིག་ (DeepSeek)་མ་ལག་གསར་པ་མཉེན་ཆས་མཛོད་ཁང་ནས་ཕྱེར་འཐེན་དང་ཕབ་ལེན་བྱེད་རྒྱུ་བཀག་འགོག་བྱས་ཡོད་ཅིང་། གཞུང་འབྲེལ་ལས་ཁུངས་དེས་རྒྱལ་ཁབ་ནང་གི་སྒེར་གནས་སྲུང་སྐྱོབ་ཁྲིམས་སྒྲིག་དང་མཐུན་པར་ལེགས་བཅོས་དང་བཟོ་བཅོས་བྱས་རྗེས། མ་ལག་འདི་སླར་ཡང་ལྷོ་ཀོ་རི་ཡའི་མཛད་སྤྱོད་མཁན་ཚོར་སྤྱོད་རྒྱུ་ཡོད་པ་ཡོང་རྒྱུ་རེད་ཅེས་བརྗོད་ཡོད་པ་རེད་ལ། ཌིབ་སིག་(DeepSeek)མིས་བཟོས་རིག་ནུས་མ་ལག་དེ་ཉིད་འཛམ་གླིང་གི་གསར་འགྱུར་ནང་ཐོན་རྗེས་བདུན་ཕྲག་གཅིག་གི་ནང་། ལྷོ་ཀོ་རི་ཡའི་ནང་ཧ་ཅང་དར་ཁྱབ་ཆེན་པོ་བྱུང་སྟེ་མཉེན་ཆས་མཛོད་ཁང་གི་རྩེ་རུ་སླེབས་ཏེ། བདུན་ཕྲག་རེར་བེད་སྤྱོད་བྱེད་མཁན་མི་གྲངས་ས་ཡ་གཅིག་བརྒལ་བ་བྱུང་འདུག འོན་ཀྱང་དེ་དར་ཁྱབ་ཆེ་རུ་ཕྱིན་པ་དེས་འཛམ་གླིང་ཡོངས་ཀྱི་རྒྱལ་ཁབ་ཁག་གིས་དོ་སྣང་བྱུང་སྟེ། སྒེར་གྱི་གནས་ཚུལ་དང་རྒྱལ་ཁབ་བདེ་འཇགས་བཅས་ལ་ཉེན་ཁ་ཡོད་པའི་སེམས་ཚབས་བྱུང་བ་ལ་བརྟེན་ནས་རྒྱལ་ཁབ་ཁག་ཅིག་གིས་མ་ལག་དེ་བཀག་སྡོམ་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཌིབ་སིག་མི་བཟོས་རིག་ནུས་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་སུ་བཀྲམས་མ་ཐག རིག་ནུས་གསར་པ་དེར་རྟོག་དཔྱོད་དང་བཀོལ་སྤྱོད་སྐབས། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པའི་བོད་དང་གནམ་བདེ་སྒོ་མོ་ཆེའི་སློབ་ཕྲུག་གི་མང་གཙོ་ལས་འགུལ་སོགས། རྒྱ་ནག་གཞུང་གི་ལངས་ཕྱོགས་ལྟར་དཔེར་ན། བོད་ནི་རྒྱ་ནག་གི་ཆ་ཤས་ཡིན་ལུགས་ཀྱི་འགྲེལ་བཤད་བྱེད་པ་མ་ཟད། ཆབ་སྲིད་ཀྱི་གནད་དོན་གལ་ཆེན་མང་པོ་ཞིག་ལ་འགྲེལ་བཤད་བྱ་རྒྱུར་དང་ལེན་བྱེད་ཀྱི་མེད་པ་སོགས་ཀྱིས། གལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་སུ་འགྲེལ་བཤད་ལོག་པ་དེ་རིགས་རྒྱ་ཡན་དུ་ཤུགས་ཆེ་ཁྱབ་འཕེལ་ཕྱིན་པ་ཡིན་ན། ང་ཚོའི་ལོ་རྒྱུས་ཀྱི་གནས་བབ་དང་བསམ་བློ་གཏོང་ཕྱོགས། སྤྱི་ཚོགས་ཀྱི་ཁ་ཕྱོགས་ཚང་མ་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལམ་ལུགས་ལྟར་འགྲོ་ངེས་ཡིན་པར་བརྟེན། ཧ་མི་གོ་བ་མང་པོ་ཞིག་གིས་ཡིན་ཤག་བྱེད་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་སྐོར། སྨོན་ལམ་རིག་ནུས་བཟོ་སྐྲུན་པ་དགེ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།