ཕེ་རན་སིའི་སྲིད་འཛིན་ལ་རྒྱ་གཞུང་གིས་བསྐྱར་དུ་སྐྱོན་བརྗོད།

༸གོང་ས་མཆོག་དང་ཕེ་རན་སིའི་སྲིད་འཛིན་རྣམ་གཉིས་མཇལ་མོལ་གནང་རྒྱུར་རྒྱ་ནག་གཞུང་གིས་བསྐྱར་དུ་སྐྱོན་བརྗོད་ཞུས་ཡོད་པ་རེད།

༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཕེ་རན་སིའི་སྲིད་འཛིན་རྣམ་གཉིས་མཇལ་མོལ་གནང་རྒྱུར་རྒྱ་ནག་གཞུང་གིས་བསྐྱར་དུ་སྐྱོན་བརྗོད་ཞུས་ཡོད་པ་རེད།

དེ་ཡང་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཆིན་ཀང་གིས་གཟའ་མིག་དམར་ཉིན་གྱི་གསར་འགོད་ལྷན་ཚོགས་ཐོག་༸གོང་ས་མཆོག་དང་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་རྣམ་གཉིས་མཇལ་མོལ་གནང་རྒྱུའི་འཆར་གཞི་ཡོད་པར་སྐྱར་དུ་སྐྱོན་བརྗོད་ཞུས་ཡོད་པ་དང་འབྲེལ་བོད་ཀྱི་གནད་དོན་དེ་ནི་ཕེ་རན་སི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཐོག་བགེགས་བར་བཟོ་མཁན་གལ་འགངས་ཆེན་པོ་གང་ཡང་མིན་པའི་སྐོར་བཤད་ཡོད་ཅིང་ཡིན་ནའང་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པས་ཕྱི་རྒྱལ་ཡུལ་གྲུ་སུ་འདྲ་ཞིག་གི་དཔོན་རིགས་ནས་༸གོང་ས་མཆོག་དང་མཇལ་འཕྲད་གནང་རྒྱུར་ངོ་རྒོལ་གྱི་རྣམ་འགྱུར་གསལ་སྟོན་བྱས་ཡོད་པ་དང་འབྲེལ་བོད་ཀྱི་གནད་དོན་དེ་ནི་རྒྱ་ནག་གི་ནང་སྲིད་ཡིན་ལུགས་བསྐྱར་བཟློས་བྱས་ཡོད་པ་རེད། ཕེ་རན་སིའི་སྲིད་འཛིན་མཆོག་ནས་ཕྱི་ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན་ཕོའོ་ལེན་ཌིའི་ནང་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོའི་ལྷན་ཚོགས་སྐབས་བོད་ཀྱི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་རྒྱུའི་སྐོར་གསལ་སྟོན་གནང་བའི་རྗེས་རྒྱ་ནག་གཞུང་གིས་དེའི་ཐོག་སྐྱོན་བརྗོད་བྱེད་ཡས་ད་རེས་ཐེངས་གསུམ་པ་དེ་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org