བོད་ཀྱི་རིག་གཞུང་ཐོག་རྡུང་རྡེག།
རྒྱ་ནག་གཞུང་གིས་བོད་ཀྱི་རིག་གཞུང་ཐོག་རྡུང་རྡེག་གི་ལས་འགུལ་སྤེལ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པའི་གནས་ཚུལ།
-
2013-09-16 -
-
-
༄༅༎བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱེད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ཕྱི་ཚེས་༡༦ཉིན་རྒྱ་གར་གྱི་ཨིན་དོ་ཨེ་ཤི་ཡན་གསར་འགྱུར་རྒྱུད་ལམ་ལ་འགྲེལ་བརྗོད་གནང་བ་ལྟར་ན།
རྒྱ་ནག་གཞུང་གིས་ཆོས་ལུགས་དང་དམིགས་བསལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་སོགས་ཀྱི་གཞས་ཚིག་འཁོད་པའི་གླུ་གཞས་རིགས་གཏོང་རྒྱུར་དམ་དྲག་བཀག་སྡོམ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང་། ཉེ་བའི་ཆར་བོད་ཀྱི་སྲོལ་རྒྱུན་རོལ་དབྱངས་སྒྱུ་རྩལ་བ་དང་གཞས་པ་ཤ་བ་བཀྲིས་ལགས་ཀྱིས་གོང་ཞུས་གཞས་ཚིག་འཁོད་པའི་གཞས་བཏང་བའི་ཉེས་དམིགས་བཙུགས་ཏེ་འཛིན་བཟུང་བྱས་ཡོད་པ་དང་། ད་དུང་བོད་མིའི་ཁྲོད་སྙན་གྲགས་ཆེ་བའི་རྩོམ་པ་པོ་གངས་སྐྱིད་གྲུབ་པ་སྐྱབས་ལགས་ཡང་ཁྲིམས་འགལ་ཐོག་ནས་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བའི་ཉེས་དམིགས་བཙུགས་ཏེ་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་མ་ཟད། གཞས་པ་སྐལ་བཟང་ཡར་འཕེལ་ལགས་ཡང་ཟླ་བ་སྔོན་མ་སྲིད་དོན་གྱི་ནང་དོན་ཡོད་པའི་གཞས་བཏང་བའི་ཉེས་དམིགས་བཙུགས་ཏེ་འཛིན་བཟུང་བྱས་ཡོད་པའི་སྐོར། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གོང་ཞུས་རྒྱ་གར་གྱི་ཚགས་ཤོག་དེར་འགྲེལ་བརྗོད་གནང་འདུག། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས་གསུངས་ན། དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་རྡུང་རྡེག་ཀྱི་ལས་འགུལ་ཤུགས་ཆེ་རུ་གཏོང་བཞིན་པ་དེའི་ཐོག་ནས། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་སྨྲ་བརྗོད་དང་རང་ཉིད་ཀྱི་བསམ་ཚུལ་བརྗོད་རྒྱུའི་རང་དབང་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་གཏོང་གི་ཡོད་པ་གསལ་པོ་ཡིན་ལུགས་འགྲེལ་བརྗོད་གནང་འདུག།