པེ་ཅིན་གྱི་དྲུག་བཞིའི་དྲག་གནོན་ལྟར་སྲིད་ཇུས་ལག་བསྟར།

བོད་དང་ནང་སོག་ཁུལ་དུ་མང་ཚོགས་ཀྱི་ཞི་བའི་གྱེན་ལངས་ཀྱི་ལས་འགུལ་ཁྲོད་རྒྱ་གཞུང་གིས་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ།

༄༅༎༡༩༨༩ལོར་པེ་ཅིང་གནམ་བདེ་་སྒོ་མོ་ཆེ་དམངས་གཙོའི་གྱེན་ལངས་ཐོག་རྒྱ་ནག་གཞུང་གིས་མི་བསད་ཁྲག་སྦྱོར་གྱི་དྲག་གནོན་བྱས་པའི་དྲན་གསོའི་དུས་ཚེས་ཤར་ལ་ཉེ་བའི་སྐབས་ དེང་རྒྱ་ནག་ནང་གཞུང་ཕྱོགས་དང་ལྟ་བ་མི་མཐུན་པའི་མི་སྣ་དང་ ཚོགས་པ་སྒྲིག་འཛུགས་ཀྱི་  དམངས་གཙོའི་བཅོས་བསྒྱུར་གྱི་ལས་དོན་དང་ དེ་བཞིན་རྒྱ་ནག་གི་དབང་འོག་ཏུ་ཚུད་པའི་བོད་དང་ནང་སོག་ཁུལ་དུ་མང་ཚོགས་ཀྱི་ཞི་བའི་གྱེན་ལངས་ཀྱི་ལས་འགུལ་ཁྲོད་རྒྱ་ནག་གཞུང་གིས་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་དེ་ དེ་སྔ་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་སྐབས་དྲག་གནོན་གྱི་སྲིད་ཇུས་དང་ཁྱད་མེད་ཀྱི་སྲིད་ཇུས་བཟུང་གི་ཡོད་སྐོར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པ་དང་ ཡང་ཧོང་ཀོང་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་གཉིས་ནས་སྐྱོན་བརྗོད་བྱས་འདུག་༎

གོང་གསལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གཉིས་ཀྱིས་སྤེལ་བའི་སྤྱི་བསྒྲགས་ནང་གསལ་ལྟར་ན་ འདི་ལོ་ཕྱི་ཟླ་གཉིས་པའི་དཀྱིལ་མཚམས་སུ་ དཀྱིལ་ཤར་ཡུལ་དང་ནུབ་ཨབ་རི་ཀའི་ཁ་ཆེའི་རྒྱལ་ཁབ་ཁག་གི་ནང་ མང་ཚོགས་ཀྱིས་དམངས་གཙོའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་གཅིག་མཇུག་གཉིས་མཐུད་ཐོན་དང་ཐོན་མུས་སྐབས་ རྒྱ་ནག་ནང་དེ་ལྟ་བུའི་མང་ཚོགས་ཀྱི་ལས་འགུལ་བཀག་སྡོམ་སླད་རྒྱ་ནག་གཞུང་གིས་དམ་བསྒྲཌ་ཀྱི་་སྲིད་ཇུས་ལག་བསྟར་འོག་ཁྲིམས་རྩོད་པ་དང་ལས་འགུལ་མི་སྣ་ དེ་བཞིན་གཞུང་ཕྱོགས་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་པའི་མི་སྣ་བརྒྱ་ཕྲག་མང་པོ་དོ་དམ་འཛིན་བཟུང་བྱས་ཡོད་པ་དང་ དེ་མཚུངས་རྒྱ་ནག་གི་བཙན་འོག་ཏུ་ཡོད་པའི་བོད་དང་ཤིན་ཅང་ ནང་སོག་བཅས་ཀྱི་ནང་སྤྱི་ཚོགས་རྟན་ལྷིང་སྲུང་སྐྱོབ་ཀྱི་ཁ་གཡར་འོག་མང་ཚོགས་ཀྱི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཁྲོད་ཆེས་དྲག་གནོན་གྱི་སྲིད་ཇུས་བསྟུད་མར་ལག་བསྟར་བྱེད་པའི་གནས་ལུགས་གསལ་འདོན་གནང་བཞག འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གསུངས་ན་ རྒྱ་ནག་ནང་འདི་ལྟ་བུའི་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱེད་པ་དེ་གཞུང་ཕྱོགས་ནས་ཁྲིམས་ལུགས་ལ་བརྩི་མེད་བཏང་བའི་བྱ་སྤྱོད་ཙམ་མ་ཟད་ ལོ་ངོ་༢༠གོང་པེ་ཅིང་གནམ་བདེ་སྒོ་མོ་ཆེ་དོན་རྐྱེན་སྐབས་མང་ཚོགས་ཀྱི་མངོན་འདོད་ལ་ གཞུང་ཕྱོགས་ནས་ཞི་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་བྱ་རྒྱུའི་ཚབ་དྲག་གནོན་གྱི་ལམ་ནས་བཀག་སྡོམ་བྱེད་པའི་མཁྲེགས་བཟུང་གི་ལངས་ཕྱོགས་དེར་ད་ལྟའང་འགྱུར་བ་གང་ཡང་སོང་མེད་པའི་རྣམ་པ་གསལ་པོ་མངོན་གྱི་ཡོད་པའི་སྐོར་སྐྱོན་བརྗོད་བྱས་འདུག་༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org