རྒྱ་ནག་གཞུང་གིས་ཆུ་མཛོད་གསར་སྐྲུན་ཆེད་བོད་ནང་གི་རེབ་གོང་ཕྱོགས་ཀྱི་སྡེ་བ་བདུན་གྱི་ས་ཞིང་བཙན་འཕྲོག་བྱེད་བཞིན་ཡོད་འདུག

མི་མང་གི་འཚོ་བརྟེན་གཙོ་གྲས་ལ་ཁེལ་ཡོད་ཀྱང་རྒྱ་ནག་གཞུང་གིས་མི་མང་ལ་ས་ཆ་ཕྱིར་བསྡུ་ལ་འདོད་མོས་མེད་པའི་རྣམ་འགྱུར་རྩ་ནས་སྟོན་མི་ཆོག་པའི་བཙན་བཀའ་གཏོང་གི་ཡོད་པ།

རྒྱ་ནག་གཞུང་གིས་རེབ་གོང་ཡུལ་དུ་ས་ཞིང་བཙན་འཕྲོག་གི་བཀོད་ཁྱབ་ཡི་གེ ༢༠༢༣།༥།༢༣ཉིན། Citizen Journalist

ཕྱི་ཟླ་ ༥ ཚེས་ ༢༣ ཉིན་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་བོད་ནང་གི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རེབ་གོང་རྫོང་གི་གྲོང་ཁྱེར་མི་དམངས་སྲིད་གཞུང་ཟེར་བས། ཡུལ་དེའི་རེབ་གོང་གླིང་རྒྱ་སྡེ་བའི་ནང་དུ་ཆུ་མཛོད་འཛུགས་སྐྲུན་གྱི་ལས་གཞིའི་ཆེད། ཡུལ་དེའི་སྡེ་བ་བདུན་གྱི་ས་ཞིང་རྒྱ་ཁྱོན་མུའུ་ ༡༧.༥༠༠༥ ཙམ་གཞུང་འབྲེལ་ཕྱིར་བསྡུ་བྱ་རྒྱའི་བཀོད་ཁྱབ་བཏང་ཡོད་པ་དང་། གཞུང་གིས་བཙན་འཕྲོག་བྱ་ཡུལ་ས་ཆ་དེ་དག་ནི་མི་མང་གི་ཞིང་ལས་བྱེད་ཡུལ་དང་། མི་མང་གི་འཚོ་བརྟེན་གཙོ་གྲས་ལ་ཁེལ་ཡོད་ཀྱང་རྒྱ་ནག་གཞུང་གིས་མི་མང་ལ་ས་ཆ་ཕྱིར་བསྡུ་ལ་འདོད་མོས་མེད་པའི་རྣམ་འགྱུར་རྩ་ནས་སྟོན་མི་ཆོག་པའི་བཙན་བཀའ་གཏོང་གི་ཡོད་པ། བཙན་བྱོལ་ནང་ཡོད་པའི་ཕ་ཡུལ་རེབ་གོང་ནས་ཡིན་པའི་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

ཡང་འབྲེལ་ཡོད་བོད་མི་གཞན་དེས་ད་ལྟའི་ཆར་ས་ཆ་ཡར་བསྡུ་མགོ་ཚུགས་པ་ལས་མི་མང་ལ་ས་ཆའི་སྐྱིན་ཚབ་ཆེད་རྩིས་ལེན་གང་ཡང་མེད་པ་དང་། མི་མང་ངོས་ནས་བློ་ཕམ་དང་ས་ཞིང་ལ་འཕངས་སེམས་ཡོང་གི་ཡོད་ཀྱང་ཡར་ཞུ་ཡུལ་དང་སྐད་ཆ་བཤད་ས་གང་ཡང་མེད་སྐོར་བརྗོད་སོང་ལ། དེ་འབྲེལ་རྒྱ་ནག་གཞུང་འབྲེལ་ངོས་ནས་ས་ཞིང་ཕྱིར་བསྡུ་བྱ་རྒྱུའི་བཀོད་ཁྱབ་ཡི་གེ་ཞིག་གསང་རྒྱའི་ངང་བཏང་བ་དེ་འབྲེལ་ཡོད་བརྒྱུད་ཕྱི་ལ་འབྱོར་བའི་ནང་།  ས་ཞིང་ཕྱིར་བསྡུ་བྱ་ཡུལ་ས་གནས་ཁག་ནི་གླིང་རྒྱ་སྡེ་བའི་བྱང་ཤར་རྒྱུད་ནས་སྨད་པ་ཁ་རྒྱ་སྡེ་བའི་བྱང་ཤར་བར་དུ་ཡིན་པ་དང་། དེའི་ནང་དུ་ཞོ་འོང་དཔྱི་སྡེ་བ་དང་། ཞོ་འོང་ཉིན་ལྟ་སྡེ་བ། སྨད་པ་འཇམ་སྡེ་བ། སྨད་པ་མཁར་ནང་མཁར་ཕྱི་སྡེ་བ། སྨད་པ་ཁྱུང་བོ་སྡེ་བའི་ས་ཞིང་སོགས་ཡར་བསྡུ་རྒྱུ་ཡིན་པས། གཞོགས་འདེགས་གང་ལེགས་བྱེད་དགོས་པ་མ་ཟད། ཆུ་མཛོད་ལས་གཞིའི་ས་ཁུངས་སུ་ཚུད་པའི་ས་ཞིང་ཐོག་ཏུ་འཛུགས་སྐྲུན་གཞན་པ་དང་། ལོ་ཏོག་སོགས་འདེབས་འཛུགས་བྱས་ཏེ་སྒྲིག་དང་འགལ་ཚེ། ས་ཞིང་གི་སྐྱིན་ཚབ་ཅི་ཡང་སྤྲོད་རྒྱུ་མིན་ལུགས་བཀོད་འདུག 

ཡང་མུ་མཐུད་རྒྱ་ནག་གཞུང་འབྲེལ་བཀོད་ཁྱབ་དེའི་ནང་སྤྱི་བསྒྲགས་དེ་སྤེལ་བའི་ཉིན་ནས་བཟུང་ཉིན་གྲངས་ ༡༠ ནང་ཚུད་དུ། གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་ས་ཆ་བསྡུ་ལེན་དང་ཚད་འཇལ་ལས་ཁུངས་རྩ་འཛུགས་བྱས་ཤིང༌། ས་ཆ་བསྡུ་ལེན་བྱེད་སར་བསྐྱོད་དེ་ས་ཆའི་བདག་དབང་དང་། ས་ཆའི་རིགས། རྒྱ་ཁྱོན། དེ་བཞིན་གྲོང་གསེབ་སྡོད་དམངས་ཀྱི་སྡོད་ཁང་དང་ས་ཆའི་ཐོག་བསྐྲུན་པའི་དངོས་རིགས་གཞན་དག ལྗང་སྨྱུག་སོགས་ཀྱི་བདག་དབང་དང་རིགས། གྲངས་འབོར་སོགས་ཀྱི་གནས་ཚུལ་བཅས་ལ་བརྟག་དཔྱད་བྱེད་དགོས་པ་མ་ཟད། འབྲེལ་ཡོད་ལས་ཁུངས་དང་མི་སྒེར་གྱིས་གཞོགས་འདེགས་ལེགས་པོ་བྱེད་དགོས་སྐོར་བཀོད་ཡོད་པ་དང་། འདི་ག་ཨེ་ཤ་ཡ་རང་དབང་རླུང་ཁང་གིས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ནག་གཞུང་གིས་ད་ཐེངས་ཙམ་མ་ཡིན་པར་ཞིང་འབྲོག་མི་མང་གྲོང་ཁྱེར་ཅན་དུ་བསྒྱུར་བའི་ལས་གཞིའི་ཁྲོད་དུ། རེབ་གོང་སྟོད་ཕྱོགས་སུ་ཡོད་པའི་བཙན་མོ་སྡེ་བར་ཆུ་མཛོད་ཅིག་བརྒྱབ་ཡོད་པ་དང་། གཉན་ཐོག་སྡེ་བ་དང་སེང་གེ་གཞུང་སོགས་ཀྱི་ས་ཞིང་གྲོང་ཁྱེར་གྱི་ས་ཁོངས་སུ་བཙན་ཐབས་ཀྱིས་ལེན་བཞིན་པའི་གནས་ཚུལ་བྱུང་ཡོད་པ་རེད་འདུག

རྒྱ་ནག་གཞུང་གིས་ཐེངས་འདིར་སྐྲུན་འཆར་ཡོད་པའི་རེབ་གོང་གླིང་རྒྱ་སྡེ་བའི་ཆུ་མཛོད་དེ་རེབ་གོང་རྫོང་ཐོག་ནས་ཆུ་ཚོད་གཅིག་ཙམ་གྱི་ས་གནས་སུ་ཡོད་པ་དང་། ཆུ་མཛོད་དེ་རྨ་ལྷོ་ཁུལ་གྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་དང་དམངས་གཉེར་ལས་གཞིའི་ཁྲོད་ཀྱི་གཅིག་ཡིན་ཚུལ་བསྒྲགས་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ཟླ་བ་ ༡༠ ཚེས་ ༡༣ ཉིན་ཀྲུང་གོ་བོད་ཀྱི་དྲ་བར་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་། གླིང་རྒྱ་ཆུ་མཛོད་ནི་ཆུ་མཛོད་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི་ ༤༥༨ ཡོད་ཅིང་། ཐོ་རྒྱ་གྲོང་བརྡལ་སྨད་རྒྱུད་ཀྱི་གྲོང་ཚོ་ ༨ ཀྱི་ས་ཞིང་མུའུ་སྤྱི་ཆིང་ ༡༢༢༡ ལ་ཆུ་འདྲེན་པ་དང། མི་གྲངས་ ༡༡༤༢ དང་ཕྱུགས་ཟོག་ཁྲི་ ༨༩༢ འཐུང་ཆུའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ་བསྒྲགས་འདུག སྤྱིར་རྒྱ་ནག་གཞུང་གིས་ཉེ་བའི་ལོ་ཤས་ནང་བོད་ཀྱི་ས་ཁུལ་འདྲ་མིན་ནས་འཛུགས་སྐྲུན་ལས་གཞིར་ཁ་གཡར་ནས། མི་མང་གི་ས་ཆ་དང་རྩྭ་ས་བཙན་འཕྲོག་གི་གནས་ཚུལ་རིམ་པར་བྱུང་ཡོད་པ་རེད་ལ། འདི་ལོའི་ནང་ཉག་ཆུ་ཡིད་བཞིན་སྡེ་བའི་རྩ་ས་བཙན་འཕྲོག་གིས་ཉི་ནུས་གློག་ཆས་སྐྲུན་བཞིན་པའི་གནས་ཚུལ་ཐོན་ཡོད་པ་རེད། 

གསར་འགོད་པ། སངས་རྒྱས་དཀོན་མཆོག 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ། 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org