རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་ལ་བསྐྱར་བཅོས་བྱ་རྒྱུ་ཡིན་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་བསྐྱར་བཅོས་ཀྱི་ནང་ཞི་ཅིང་ཕིང་གི་ཆབ་སྲིད་ལྟ་གྲུབ་ཀྱང་རྩ་ཁྲིམས་ནང་ཁ་སྣོན་བྱེད་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག།

རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཚོགས་མི་བདུན་པོ། ཨེ་ཨེཕ་པི།

༄༅། །རྒྱ་ནག་དམར་ཤོག་ཚོགས་པའི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དེ། ཕྱི་ཟླ་ ༡༠ ཚེས་ ༡༨ གཟའ་ལྷག་པ་ནས་བསྐོང་འཚོགས་བྱ་རྒྱུ་ཡིན་ཞིང་། དེ་རིང་གཟའ་སྤེན་པའི་ཉིན་རྒྱ་ནག་གཞུང་གིས་གསལ་བསྒྲགས་ཤིག་བྱས་འདུག་པ་དེའི་ནང་། རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་ལ་བསྐྱར་བཅོས་བྱ་རྒྱུ་ཡིན་འདུག་ལ། ཞི་ཅིང་ཕིང་གི་ཆབ་སྲིད་ལྟ་གྲུབ་ཀྱང་རྩ་ཁྲིམས་ཀྱི་ནང་ཁ་སྣོན་བྱེད་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་འདུག
རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་ཚོགས་མི་ཚོས་གཟའ་སྤེན་པའི་ཉིན་དམར་ཤོག་ཚོགས་པའི་རྩ་ཁྲིམས་བསྐྱར་བཅོས་བྱ་རྒྱུར་ཐག་གཅོད་བྱུང་ཞིང་། ད་ཆ་དམར་ཤོག་ཚོགས་པའི་ཚོགས་ཆེན་གྱི་ཐོག་ནས་བཀའ་ཁྲོལ་དགོས་རྒྱུ་ཡིན་འདུག  ཚོགས་ཆེན་ཐོག་གནད་དོན་མང་དག་ཅིག་གི་ཐོག་འོས་བསྡུ་བྱ་རྒྱུ་ཡིན་ན་ཡང་། དེ་དག་ནི་ཧ་ལམ་ཡོངས་རྫོགས་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་སྔོན་ཚུད་ནས་ཐག་གཅོད་ཟིན་པ་ཤ་སྟག་ཡིན་པ་རེད།
ཏང་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ཚང་འཛོམས་གྲོས་ཚོགས་ཀྱིས་སྤེལ་བའི་བསྒྲགས་གཏམ་ནང་། ཞི་ཇིན་པིང་གིས་འདས་པའི་ལོ་ལྔའི་རིང་གི་འགོ་ཁྲིད་ཀྱི་ལས་དོན་ལ་བསྔགས་བརྗོད་བྱས་ཡོད་ཚུལ་སོགས་བཀོད་ཡོད་ཅིང་། འདི་ནི་ཞི་ཇིན་པིང་གི་མིང་རྒྱ་ནག་དམར་ཤོག་ཚོགས་པའི་རྩ་ཁྲིམས་བསྐྱར་བཅོས་ཀྱི་ནང་གསལ་འདོན་བྱ་རྒྱུའི་སྔོན་དཔག་ཅིག་ཡིན་པར་ཡིད་ཆེས་བྱེད་བཞིན་ཡོད་ལ།  ཞི་ཇིན་པིང་གི་མིང་རྩ་ཁྲིམས་ནང་གསལ་མིན་ནི་ཞི་རང་ཉིད་ཀྱི་དབང་སྲ་བརྟན་ཇི་ཙམ་ཆགས་མིན་གྱི་མཚོན་རྟགས་གལ་ཆེ་ཞིག་ཀྱང་ཡིན་པ་རེད།
མའོ་ཙེ་ཏུང་དང་ཏེང་ཞའོ་ཧྥིང་གཉིས་ཀའི་མིང་སྐབས་སོ་སོའི་རྩ་ཁྲིམས་བསྐྱར་བཅོས་ཀྱི་ནང་གསལ་འདོན་བྱས་ཡོད་ཀྱང་། ཇང་ཛ་མིན་མཚོན་རྟགས་གསུམ་དང་ཧུ་ཇིན་ཏའོའི་ཚན་རིག་དང་མཐུན་པའི་དཔལ་འབྱོར་འཕེལ་སོགས་ཀྱི་བསམ་བློ་རྩ་ཁྲིམས་བསྐྱར་བཅོས་ཀྱི་ནང་གསལ་བ་ལས་ཁོང་གཉིས་ཀྱི་མིང་གསལ་མེད་པ་རེད།
རྒྱ་ནག་རྒྱལ་ནང་དང་རྒྱལ་སྤྱིའི་ཐོག་སྐབས་བཅུ་དགུ་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་གྱི་གནད་དོན་སྤྱི་དང་།  ལྷག་པར་དུ་རྒྱ་ནག་དབུས་ཆབ་སྲིད་ལྷན་ཁང་གི་རྒྱུན་ལས་ཚོགས་མི་བདུན་པོའི་ནང་སུ་སླེབས་མིན་དང་། ཞི་ཅིང་ཕིང་གི་དབང་ཆ་སྲ་བརྟན་ཇི་ཙམ་ཆགས་མིན་སོགས་ཀྱི་ཐད་ཧ་ཅང་གི་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org