ཌེན་མརཀ་ནང་བོད་ཀྱི་རྒྱལ་དར་ཡོད་པའི་འོས་བསྡུའི་དྲིལ་བསྒྲགས་སྦྱར་བར་རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་འདུག

ཌེན་མརཀ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་ཀྱི་རྒྱལ་དར་ཡོད་པའི་འོས་བསྡུའི་དྲིལ་བསྒྲགས་སྦྱར་བར་རྒྱ་ནག་གིས་ངོ་རྒོལ་བྱས་ཡོད་པ།

ཌེན་མརཀ་ཡི་ས་གནས་འོས་མི་ Thomas Rohdenཞུ་བས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་ཀྱི་རྒྱལ་དར་ཡོད་པའི་འོས་བསྡུའི་དྲིལ་བསྒྲགས་ཀྱི་ཡིག་ཆ་ཞིག་སྦྱར་ཡོད་པ། Reuters

ཌེན་མརཀ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་ཀྱི་རྒྱལ་དར་ཡོད་པའི་འོས་བསྡུའི་དྲིལ་བསྒྲགས་ཀྱི་གསལ་བསྒྲགས་ཡིག་ཆ་ཞིག་སྦྱར་བར་རྒྱ་ནག་གིས་དེ་ནི་བསམ་བཞིན་དུ་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་པ་ཞིག་ རེད་ཅེས་བརྗོད་པ་Reuters་གསར་སྤེལ་ཁང་གིས་ལུང་འདྲེན་བྱས་འདུག
ས་གནས་ཀྱི་འོས་བསྡུའི་དྲིལ་བསྒྲགས་ཀྱི་སྦྱར་ཡིག་ནང་། བོད་ཀྱི་རྒྱལ་དར་མདུན་ས་གནས་ཀྱི་གྲོས་ཚོགས་འོས་མིར་བཞེངས་ནས་བསྡད་ཡོད་པའི་སྦྱར་ཡིག་བཅུ་ཙམ་Copenhagen ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཡོད་པའི་ལམ་ཟུར་གྱི་ཤིང་སྡོང་ལ་སྦྱར་ཡོད་པ་དང་། དུས་ཡུན་རིང་པོར་མ་སོང་བའི་རྗེས་སྦྱར་ཡིག་དེ་དག་བཀོག་ཡོད་འདུག
ཕྱི་ལོ་༡༩༥༡ལོར་རྒྱ་ནག་གི་དམག་དཔུང་གིས་བོད་ཤར་ཕྱོགས་ཁུལ་ནས་བཙན་འཛུལ་བྱ་རྒྱུ་འགོ་འཛུགས་བྱས་ནས་རིམ་པས་ཞི་བའི་བཅིང་གྲོལ་གྱི་མིང་ཐོག་ནས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ཡོད་པ་དང་། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་དུ་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་བ་དང་། རྒྱ་ནག་གིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཁ་བྲལ་བ་ཞེས་བརྗོད་ཀྱི་ཡོད་པ་རེད་ཅེས་Reuters་གསར་ལས་ཁང་གིས་གནས་ཚུལ་སྤེལ་བཞག ཌེན་མརཀ་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་དྲ་རྒྱའི་ནང་བོད་ཀྱི་རྒྱལ་དར་འཁོད་པའི་སྦྱར་ཡིག་སྦྱར་བ་དེ་ནི་ཤེས་བཞིན་དུ་བྱས་པ་ཞིག་ཡིན་པ་དང་། དེ་ནི་ཁོང་ཁྲོ་སློང་གཞི་ཞིག་ཀྱང་རེད། སུ་འདྲ་ཞིག་གིས་ཀྱང་སྨྲ་བརྗོད་རང་དབང་དང་ འོས་བསྡུའི་དྲིལ་བསྒྲགས་ཀྱི་མིང་ཐོག་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་ནས་རྒྱ་ནག་ཁ་བྲལ་གཏོང་ཐབས་བྱེད་པ་ཡིན་ན་དེར་ངོ་རྒོལ་བྱ་རྒྱུ་ཡིན། བོད་ནི་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པར་སོང་ཁ་བྲལ་གཏོང་ ཐབས་ཀྱི་ལས་འགུལ་ལ་ལམ་ལྷོང་ཡོང་ཀྱི་མ་རེད་ཅེས་བཤད་འདུག
ཌེན་མརཀ་ཡི་ས་གནས་འོས་མི་ Thomas Rohdenཞུ་བས་སྦྱར་ཡིག་དེ་ཚོ་སྦྱར་ཡོད་པ་དང། ཁོང་གིས་སྦྱར་ཡིག་བཀོག་མཁན་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་ཡིན་པར་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་གསུངས་བཞག འོན་ཀྱང་རྒྱ་ནག་གཞུང་ ཚབ་ཁང་གིས་ཉེས་འཛུགས་དེར་ཡ་ལན་གང་ཡང་སྤྲད་མེད་པ་རེད་འདུག སྐུ་ ཞབས་ Rohdenལགས་ནི་དུས་རྟག་ཏུ་རྒྱ་ནག་ལ་སྐྱོན་བརྗོད་གནང་མཁན་ཞིག་ཡིན་པ་དང་། ཁོང་གིས་རེས་གཟའ་མིག་མར་ཉིན་བསྐྱར་དུ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་སྦྱར་ཡིག་གསར་པ་ཞིག་སྦྱར་ཡོད་འདུག ཌན་མག་གི་ཉེན་རྟོག་པས་སྦྱར་ཡིག་སུས་བཀོག་ཡོད་མེད་བརྩད་ཞིབ་བྱ་རྒྱུ་ཡིན་ཞེས་བཤད་འདུག་ལ། ཌེན་མརཀ་ཡི་ཕྱི་འབྲེལ་བློན་ཆེན་Jeppe Kofod མཆོག་གིས་འོས་ བསྡུའི་དྲིལ་བསྒྲགས་ཀྱི་སྦྱར་ཡིག་བཀོག་པའི་གནས་ཚུལ་དེ་ནི་བློ་ཚབས་བྱ་འོས་པ་ཞིག་རེད། དེ་ཐོག་ས་གནས་ཉེན་རྟོག་པས་ག་རེ་གནང་གི་ཡོད་མེད་གཟིགས་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།
གསར་འགོད་པ། ཚེ་དབང་དངོས་གྲུབ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། རྟ་མགྲིན་དབང་ཕྱུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org