རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བར་འཛམ་གླིང་ཁྱོན་ཡོངས་ནས་ཡ་ལན་སྤྲོད་དགོས་པ་འགྲོ་བ་མིའི་ཐབ་ཐང་ཚོགས་པ་ཁག་གིས་འབོད་སྐུལ་བྱས་འདུག

རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བར་འཛམ་གླིང་ཁྱོན་ཡོངས་ནས་ཡ་ལན་སྤྲོད་རྒྱུར་སྐུལ་མ་བྱེད་དགོས་ལུགས་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་བརྗོད་འདུག

པར་ཚགས། ༢༠༡༧ Reuters

ཕྱི་ཚེས་༢༤ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སེ་ཌི་ནེ་རུ་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པ་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གིས་སྤྱི་བསྒྲགས་ཞིག་སྤེལ་ཡོད་པའི་ནང་། ཨོ་སི་ཊོ་ལི་ཡའི་གཞུང་གིས་སྣེ་ཁྲིད་ནས་སྲིད་གཞུང་གཞན་དང་མཉམ་འབྲེལ་གྱིས་རྒྱ་ནག་གཞུང་གིས་བོད་དང་། ཤིན་ཅང་ས་ཁུལ་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་བྱ་སྤྱོད་མུ་མཐུད་དུ་སྤེལ་ཡོད་པ་དེར་ཡོངས་གྲགས་ཀྱིས་སྐྱོན་བརྗོད་བྱེད་པའི་འབོད་སྐུལ་བྱས་འདུག

ཕྱི་ཚེས་ ༢༢ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཨོ་སི་ཊོ་ལི་ཡ་ཡས་སྣེ་ཁྲིད་པའི་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་རྒྱ་ནག་གཞུང་གིས་བོད་དང་། ཤིན་ཅང་ས་ཁུལ་ནང་འགྲོ་བ་མིའི་ཐོབ་ཐང་ལ་ཚབས་ཆེའི་རྡོག་རོལ་གཏོང་བཞིན་པའི་སྐོར་ལ་སེམས་ཁྲལ་བྱེད་བཞིན་པ་དེ་གསལ་སྟོན་བྱས་འདུག

ཉེ་བའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་དང་། ཤིན་ཅང་ཁུལ་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་བྱ་སྤྱོད་མུ་མཐུད་དུ་སྤེལ་ཡོད་པ་དང་། ཕྱོགས་འགའ་ཤས་ནས་དེ་བས་ཀྱང་སྡུག་ཏུ་སོང་ཡོད་ཅེས་ཨོ་སི་ཊོ་ལི་ཡའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་གི་འགན་འཛིན་Daniela Gavshonལགས་ཀྱིས་སུངས་འདུག ཁོ་མོས་ད་དུང་རྒྱ་ནག་གཞུང་ལ་འགན་འཁུར་དུ་འཇུག་ཆེད་ཨོ་སི་ཊོ་ལི་ཡས་འབྲེལ་ཡོད་སྲིད་གཞུང་གཞན་དང་མཉམ་འབྲེལ་གྱིས་ལས་འགུལ་ཤུགས་ཆེ་སྤེལ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད་ཅེས་གསུངས་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་ ༡༥ ཡིས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་ཛ་དྲག་གི་སེམས་ཚབས་ཡོད་པའི་མཉམ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བར། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་མཉམ་འབྲེལ་རྒྱལ་ཚོགས་ནང་རྒྱལ་ཁབ་བརྒྱ་ལྷག་གིས་རྒྱ་ནག་ནང་གི་ས་ཁུལ་ཁག་ལ་ཕྱི་ཕྱོགས་ཀྱིས་ཐེ་བྱུས་བྱེད་མི་རུང་བ་དང་། འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་རྣམས་ཆབ་སྲིད་ཅན་དུ་སྒྱུར་བར་ངོ་རྒོལ་ཡོད་པའི་མཉམ་འབྲེལ་བསྒྲགས་གཏམ་དང་མི་སྒེར་གྱི་གཏམ་བཤད་བརྒྱུད་རྒྱ་ནག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་ཡོད་ཚུལ་བརྗོད་ཡོད་པ་རེད།

རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རྒྱལ་ཁབ་༡༠༠ལྷག་གིས་རྒྱ་ནག་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་ཡོད་པའི་བསྒྲགས་གཏམ་སྤེལ་ཡོད་ཟེར་བའི་རྒྱལ་ཁབ་དེ་དག་ནི།  ཁོ་ཚོ་རང་ཉིད་ཀྱི་རྒྱལ་ཁབ་ནང་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཉམས་རྒུད་ཚབས་ཆེན་བྱུང་ཡོད་པ་དང་། རྒྱ་ནག་དང་འབྲེལ་བ་དམ་ཟབ་ཡོད་པའི་རྒྱལ་ཁབ་ཁག་ཡིན་འདུག

གསར་འགོད་པ།  བོད་རྒྱལ།

རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org