རྒྱ་ནག་གཞུང་གིས་བོད་ནང་བརྟན་བརླིང་བྱུང་ཚད་བརྒྱ་ཆ་ ༩༩ ཟིན་སྐོར་ཁྱབ་བསྒྲགས་བྱེད་བཞིན་པ་ནི་དོན་དངོས་མིན་པ། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
ཕྱི་ལོ་ ༢༠༢༤ ལོར་རྒྱ་ནག་གཞུང་གིས་བོད་ནང་བརྟན་བརླིང་བྱུང་ཚད་བརྒྱ་ཆ་ ༩༩ ཟིན་སྐོར་ཁྱབ་བསྒྲགས་བྱེད་བཞིན་པ་ནི་དོན་དངོས་མིན་པར་དམ་དྲག་ཁོ་ན་བྱས་ཡོད་པ། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
- 2025-01-28
-
-
-
Your browser doesn’t support HTML5 audio
ཕྱི་ཟླ་ ༡ ཚེས་ ༢༧ ཉིན། རྒྱ་ནག་གཞུང་གིས་རྒྱ་ནག་གི་དཔྱིད་གསར་དུས་ཆེན་ཟེར་བ་དང་། བོད་ཀྱི་ལོ་སར་བསླེབས་ལ་ཉེ་བར་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པ་དང་སྲིད་གཞུང་ཟེར་བ་གཉིས་ནས། བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་དང་དམག་དཔུང་། མི་མང་བཅས་ལ་འཚམས་འདྲིའི་ཡི་གེ་ཟེར་བ་ཞིག་བཏང་སྟེ། བོད་ཀྱི་ཆབ་སྲིད་ལས་དོན་ཀུན་གྱི་རྩ་བ་ནི་བོད་བརྟན་བརླིང་ཡོང་རྒྱུ་དེ་ཡིན་པས། ཕྱི་ལོ་ ༢༠༢༤ ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བརྟན་བརླིང་ཡོང་ཚད་བརྒྱ་ཆ་ ༩༩ ཡིན་པ་དང་། དེ་བཞིན་ཕྱི་ལོ་ ༢༠༢༥ ལོ་དེ་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ངོ་ ༦༠ འཁོར་བའི་ལོ་ཡིན་པས། མུ་མཐུད་བརྟན་བརླིང་ལ་རྒྱུན་འཁྱོངས་དགོས་སྐོར་སོགས་བརྗོད་འདུག་ལ། བོད་ཀྱི་རྒྱལ་ས་ལྷ་སར་གནས་སྡོད་འབྲེལ་ཡོད་བོད་མི་ཞིག་ནས་རྒྱ་ནག་གཞུང་གིས་བརྟན་བརླིང་ཞེས་ཁྱབ་བསྒྲགས་ག་ཚོད་བྱས་ཀྱང་། བོད་ནང་གི་གནས་སྟངས་དམ་དྲག་ཁོ་ན་ཡིན་སྐོར་དང་། ཡང་འབྲེལ་ཡོད་བོད་མི་གཞན་ཞིག་ནས་མཐའ་ན་གནས་སྐོར་ཞིག་ལ་འགྲོ་དགོས་ན་ཡང་རང་དབང་མེད་པའི་གནས་སྟངས་འོག་ཡོད་པ། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་འབྲེལ་གྱིས་བཏང་བའི་ཡིག་ཆ་དེའི་ནང་གཙོ་བོ། བོད་ནང་བརྟན་བརླིང་བྱུང་སྐོར་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བར་གྲུབ་འབྲས་བྱུང་ཡོད་པ། མི་རིགས་མཐུན་སྒྲིལ་གྱིས་ཀྲུང་ཧ་མི་རིགས་གཅིག་གྱུར་ལ་གྲུབ་འབྲས་སོན་པ། རྒྱ་སྐད་བེད་སྤྱོད་ཀྱི་ཁོག་ཡུག་ཇེ་ལེགས་སུ་ཕྱིན་ཡོད་པ། དཔལ་འབྱོར་འཕེལ་ཚད་ཆ་སྙོམས་ ༦.༨ ཡིན་པ། མི་མང་གི་འཚོ་བ་ཇེ་ལེགས་སུ་ཕྱིན་པ། མཐོ་རིམ་སློབ་གྲྭ་ལས་ཞུགས་ཀྱི་ཚད་བརྒྱ་ཆ་ ༩༥ ཟིན་པ། བོད་ནང་གི་སྐྱེས་ཁམས་ཁོར་ཡུག་སྲུང་སྐྱོབ་ཚད་བརྒྱ་ཆ་ ༩༩ ཡིན་སྐོར་དང་། གཞན་ཡང་བོད་ཀྱི་ས་མཚམས་ཡར་རྒྱས་དང་མི་མང་གི་འཚོ་བ་ཡར་རྒྱས་ཕྱིན་ཡོད་པ། ཏང་གིས་བོད་དུ་སྲིད་སྐྱོང་བའི་རྨང་གཞི་སྔར་བས་སྲ་བརྟན་དུ་ཕྱིན་པ་བཅས་ཀྱི་དོན་ཚན་ཁག་ཅིག་བཀོད་འདུག་ན་ཡང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ནས། རྒྱ་ནག་གཞུང་གིས་ལོ་ལྟར་རྒྱ་ནག་གི་ལོ་གསར་དང་འབྲེལ་མི་མང་ལ་འཚམས་འདྲིའི་ཚུལ་དུ། ལོ་རེའི་ལས་བསྡོམས་ལྟ་བུ་བྱེད་སྲོལ་ཡོད་ན་ཡང་། ལས་ཀ་དེ་དག་ནི་དམར་ཤོག་ཚོགས་པས་བོད་ནང་ཡར་རྒྱས་གཏོང་གི་ཡོད་པའི་དྲིལ་བསྒྲགས་ཙམ་ལས། དོན་དངོས་སུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། སྤྱི་ཡོངས་ཀྱི་གནས་སྟངས་ལོ་རེ་བཞིན་དུ་སྐྱོ་རུ་དང་ཛ་དྲག་གི་ངོ་བོར་གནས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་ལོ་ལྟར་བོད་ནང་དུ་སྲིད་སྐྱོང་བར་རྩ་བ་བོད་ནང་གི་སྤྱི་ཚོགས་བརྟན་བརླིང་དགོས་སྐོར་ཤུགས་ཆེར་བརྗོད་བཞིན་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༤ ཟླ་ ༧ ནང་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཚོགས་གཙོ་ཝང་ཧུའུ་ནིང་གློ་བུར་གསང་སྟབས་ངང། བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ལྟ་སྐོར་དང་འབྲེལ་བོད་ནང་བརྟན་བརླིང་དང་མཐའ་མཚམས་སྲུང་སྐྱོབ་དགོས་སྐོར་ནན་བརྗོད་བྱས་ཡོད་པ་རེད་ལ། ཐེངས་འདིར་རྒྱ་ནག་གཞུང་གིས་མི་མང་ལ་བཏང་བའི་འཚམས་འདྲིའི་འཕྲིན་ཡིག་ཟེར་བའི་ནང་། ཕྱི་ལོ་ ༢༠༢༥ ལོ་ནི་ཞི་ཅིན་ཕིང་གི་སྲོག་ཤིང་བྱས་ཏེ་རྒྱ་ནག་གི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་སྐོར་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་རྒྱུན་སྲིང་ལག་བསྟར་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་དགོས་སྐོར་སོགས་བརྗོད་འདུག
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།