རྒྱ་ནག་ནང་ཨི་ཇིཔ་ཊི་ཞེས་པའི་མིང་ཚིག་བཀག་འགོག་བྱས་པ།
རྒྱ་ནག་མི་དམངས་ཚོར་ཨི་ཇིཔ་ཊི་ཞེས་པའི་མིང་ཚིག་དྲ་རྒྱའི་ཐོག་བལྟ་ཀློག་བྱ་རྒྱུ་མེད་པ་བཀག་འགོག་བྱས་ཡོད་པའི་སྐོར།
-
2011-01-30 -
-
-
༄༅༎དཀྱིལ་ཤར་ཡུལ་གྲུའི་ཨི་ཇིཔ་ཊི་(Egypt)རྒྱལ་ཁབ་ནང་མི་དམངས་ཚོས་རྒྱལ་ཁབ་ཀྱི་ཆབ་སྲིད་ཀྱི་ལམ་ལུགས་བཅོས་བསྒྱུར་གཏོང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་བཞིན་པར་བརྟེན་རྒྱ་ནག་གཞུང་གིས་གནས་ཚུལ་དེ་རིགས་རྒྱ་ནག་ནང་དར་ཁྱབ་འགྲོ་རྒྱུའི་འཇིགས་སྣང་གིས་མི་བཟོད་པར་རྒྱ་ནག་མི་དམངས་ཚོར་ཨི་ཇིཔ་ཊི་ཞེས་པའི་མིང་ཚིག་དྲ་རྒྱའི་ཐོག་བལྟ་ཀློག་བྱ་རྒྱུ་མེད་པ་བཀག་འགོག་བྱས་ཡོད་པའི་སྐོར་ལ་དེ་རིང་རེས་གཟའ་ཉི་མའི་ཉིན་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་པེ་ཅིང་གནས་ཚུལ་སྤེལ་བཞག
རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་བཀོད་པའི་ནང༌། དེ་རིང་རེས་གཟའ་ཉི་མའི་ཉིན་ཨི་ཇཔ་ཊི་ཞེས་པའི་མིང་ཚིགས་ནི། རྒྱ་ནག་ནང་དར་གསོ་ཆེ་བའི་དྲ་རྒྱ་དཔེར་ན། Sina.comདང། Sohu.com དེ་བཞིན་Twitterསོགས་ནང་འཚོལ་བའི་སྐབས། ཡིག་འབྲུ་དེ་ཐོན་རྒྱུ་མེད་པར། སྒྲིག་སྲོལ་བཞིན་མིང་ཚིགས་དེ་རྙེད་སོན་མ་ཐུབ་པའམ་ཐོན་གྱི་མིན་འདུག་ཟེར་བའི་གནས་ཚུལ་ལས་མཐོང་རྒྱུ་མེད་པ་རེད། དེ་ཡང་ཨི་ཇིཔ་ཊི་ཡུལ་གྲུའི་ནང་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་ལམ་ལུགས་བཅོས་བསྒྱུར་གཏོང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་ཏེ། འདས་པའི་ཉིན་གྲངས་ལྔའི་ནང་ཁྱོན་མི་༡༠༠ལྷག་རྐྱེན་འདས་སུ་ཕྱིན་ཡོད་ཀྱང༌། ད་དུང་རེས་གཟའ་ཉི་མའི་ཉིན་ཨི་ཇཔ་ཊི་ཡི་རྒྱལ་ས་ཁའེ་རོའོ་ཡི་དབུས་སུ་མི་དམངས་ཆིག་སྟོང་ལྷག་འདུ་འཛོམས་ཀྱིས་རྒྱལ་ཁབ་ཀྱི་སྲིད་འཛིན་ཧོ་སི་ནི་མུ་སྦ་རཀ་གིས་སྲིད་དབང་རྩིས་སྤྲོད་བྱ་དགོས། ཁོང་གིས་བསྐོ་བཞག་བྱས་པའི་སྲིད་འཛིན་གཞོན་པ་གནས་དབྱུངས་གཏོང་དགོས་ཞེས་ངོ་རྒོལ་གྱི་སྐད་འབོད་བྱས་ཡོད་ཅིང༌། རེས་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གི་ཤིང་ཧྰ་གསར་ཤོག་ཐོག་ལ། ཨི་ཇིཔ་ཊིའི་རྒྱལ་ས་ཁའེ་རོའོ་ནང་གི་ལག་འཁྱེར་ཁ་པར་དང༌། དྲ་རྒྱའི་འབྲེལ་མཐུད་ཡོངས་རྫོགས་བཀག་འགོག་བྱས་ཡོད་པའི་གནས་ཚུལ་སྤེལ་ཡོད་ཀྱང༌། རྒྱ་ནག་ནང་དུའང་མི་དམངས་ཀྱིས་དྲ་རྒྱ་ལྟ་ཀློག་བྱ་རྒྱུ་མེད་པ་བཟོས་པ་དེ་ནི། རྒྱ་ནག་གཞུང་གིས། ཨི་ཇཔ་ཊི་ནང་དུ་མི་དམངས་ཀྱིས་སྲིད་དབང་མགོ་རྟིག་སློག་ཐབས་ཀྱི་ཆབ་སྲིད་ཀྱི་ལས་འགུལ་སྤེལ་བཞིན་པ་དེའི་དཔེ་མཚོན་རྒྱ་ནག་ནང་དར་ཁྱབ་འགྲོ་རྒྱུར་སྔོན་འགོག་གི་སྲིད་ཇུས་འཛིན་པར་གསར་འགྱུར་ལས་ཁང་དེ་ཡིས་ངོས་འཛིན་གནང་གི་ཡོད་པ་རེད། རྒྱ་ནག་གཞུང་གིས་ཤོད་པར་གཞིགས་ན། རྒྱ་ནག་ནང་དྲ་རྒྱ་ལྟ་ཀློག་གི་རང་དབང་ཡོད་པ་དང༌། དྲ་རྒྱ་བེད་སྤྱོད་གཏོང་མཁན་མི་དམངས་ཡ་ས་༤༥༠ཚོར་གནས་ཚུལ་ལྟ་ཀློག་བྱེད་པར་རང་དབང་ཡོད་ཚུལ་གྱི་དྲིལ་བསྒྲགས་བྱེད་པ་ཡིན་ནའང་དོན་དངོས་ཐོག་མི་དམངས་ཚོས་དགའ་མོས་ཆེན་པོ་བྱེད་ཡུལ་Twitter དང༌། Facebook, Youtube ཟེར་བའི་དེ་ཚོའི་ནང་འཛམ་གླིང་ནང་གི་གནས་ཚུལ་དང་ལྷག་པར་དུ་འཛམ་གླིང་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་གནས་ཚུལ་བཀོད་སྤེལ་བྱེད་པར་བརྟེན་ནས་རྒྱ་ནག་གཞུང་གིས་དྲ་རྒྱ་དེ་རིགས་མང་པོ་ཞིག་བལྟ་ཀློག་མ་ཐུབ་པའི་བཀག་འགོག་བྱེད་ཀྱི་ཡོད་པའི་གནས་ཚུལ་བཀོད་བཞག།