མང་ར་རྫོང་དུ་དུས་འཁོར་དབང་ཆེན་གནང་ཡུལ་གཏོར་བཤིག་བཏང་བ་དང་དྲ་ལམ་ཁག་ཏུ་དམ་དྲག་བྱེད་བཞིན་འདུག ཆུ་ཚོད་༦ཐོག་གནས་ཚུལ་ཁ་སྣོན་བྱས་པ་ཡིན།

སྤྱི་ཚོགས་དྲ་ལམ་དུ་དུས་དབང་གི་གནས་ཚུལ་དང་བརྙན་པར་བསྐུར་མཁན་རིགས་ལ་འདྲི་རྩད་ཞིབ་བཤེར་ཤུགས་ཆེར་བྱེད་མགོ་ཚུགས་ཡོད་པ།

ཉེན་རྟོག་པ་དང་དྲག་ཆས་དམག་མིས་དུས་དབང་བཀག་འགོག་བྱེད་བཞིན་པའི་རྣམ་པ་དང་༧སྐྱབས་རྗེ་བླ་མ་སྐལ་བཟང་བཀྲ་ཤིས་རྒྱ་མཚོ་མཆོག་གི་པར་རིས། སྒྲིག་བཟོ།

 



མང་ར་རྫོང་དུ་དུས་འཁོར་དབང་ཆེན་གནང་ཡུལ་གཏོར་བཤིག་བཏང་རྗེས། ཕྱི་ལོ་༢༠༢༣ཟླ་བ་༧ཚེས་༢༡ ཆུ་ཚོད་༦ཐོག་གནས་ཚུལ་ཁ་སྣོན་བྱས་པ་ཡིན

མང་ར་རྫོང་དུ་དུས་འཁོར་དབང་ཆེན་གནང་ཡུལ་གཏོར་བཤིག་བཏང་རྗེས། ཕྱི་ལོ་༢༠༢༣ཟླ་བ་༧ཚེས་༢༡ ཆུ་ཚོད་༦ཐོག་གནས་ཚུལ་ཁ་སྣོན་བྱས་པ་ཡིན

ཕྱི་ཟླ་༧ཚེས་༡༩་ཉིན་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་མང་ར་རྫོང་མགོ་མང་གྲོང་ཚོ་ས་སྨད་གཞི་སྡེ་བའམ་དཀྱིལ་འཁོར་ཐང་དུ། ཡུལ་དེའི་ཨ་ཐིས་དགོན་པའི་དགོན་བདག་༧སྐྱབས་རྗེ་བླ་མ་ཨ་ཐིས་སྐལ་བཟང་བཀྲ་ཤིས་རྒྱ་མཚོ་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀག་འགོག་བྱས་ཡོད་པ་བཞིན། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ས་གནས་ཡུལ་མི་ཚོས་དྲ་ལམ་ཁག་ཏུ་དུས་དབང་དང་འབྲེལ་བའི་གནས་ཚུལ་དང་བརྙན་པར་སོགས་བརྒྱུད་སྤེལ་བྱས་ཡོད་པ་ཁག་ནག་བསུབ་གཏོང་བ་དང་། སྤྱི་ཚོགས་དྲ་ལམ་དུ་དུས་དབང་གི་གནས་ཚུལ་དང་བརྙན་པར་བསྐུར་མཁན་རིགས་ལ་འདྲི་རྩད་ཞིབ་བཤེར་ཤུགས་ཆེར་བྱེད་མགོ་ཚུགས་ཡོད་པ། བོད་ཕྱི་ནང་གཉིས་ཀྱི་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་བོད་ནང་གི་བོད་མི་དེས་མུ་མཐུད་བརྗོད་དོན་ལ། སྤྱིར་དུས་འཁོར་དབང་ཆེན་དེ་གནང་ཆོག་པའི་ཆོན་མཆན་སྤྲོད་མཁན་མཚོ་སྔོན་ཞིང་ཆེན་ཆོས་ལུགས་ལས་དོན་ལྷན་ཁང་ཡིན་པ་དང་། ད་ལྟའི་ཆར་དུས་དབང་གནང་སའི་ས་གནས་སུ་ཉེན་རྟོག་པ་དང་དྲག་ཆས་དམག་མི་འབོར་ཆེན་འགྲེམས་འཇོག་གིས། མི་མང་ལ་མགྱོགས་མྱུར་ངང་སོ་སོའི་ས་གནས་སུ་ལོག་དགོས་པའི་བཙན་སྐུལ་བྱེད་བཞིན་ཡོད་པ་དང་། མི་མང་ཁྲོད་གློ་བུར་དུས་དབང་བཀག་འགོག་བྱེད་དོན་རྒྱ་ནག་དབུས་གཞུང་ནས། ཆོས་ལུགས་ཀྱི་འདུ་འཛོམས་བྱེད་སྒོ་རྒྱ་ཆེན་པོ་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པའི་དོགས་སློང་བྱེད་བཞིན་ཡོད་པ་དང་། དུས་དབང་བཀག་འགོག་བྱས་པ་དེས་ས་གནས་ཡུལ་མི་གཙོས་ཐག་རིང་ཐུང་ནས་ཡོང་བའི་མི་མང་ལ་བརྡབ་གསིག་ཆེན་པོ་ཐེབས་ཡོད་པ་མ་ཟད། མི་མང་ཁྲོད་བློ་ཕམ་དང་རྒན་རྒོན་ཁྲོད་ཚོའི་ཁྲོད་སྐྱོ་གདུང་གིས་མིག་ཆུ་འདོན་མཁན་མང་དག་ཅིག་ཡོང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག

དུས་འཁོར་དབང་ཆེན་ནི་བོད་ནང་ཧ་ཅང་གྲགས་ཆེ་བའི་གསང་སྔགས་ཀྱི་དབང་ཞིག་ཡིན་ཞིང་། དེའི་གྲ་སྒྲིག་ཆེད་ཉིན་མང་པོ་འགོར་བ་མ་ཟད། ཆོས་ཞུ་བ་འབོར་ཆེ་དབང་ཞུ་བར་བཅར་སྲོལ་ཡོད་པ་བཞིན། ཐེངས་འདིར་དུས་འཁོར་དབང་ཆེན་གནང་སའི་ས་ཆ་གཅིག་པུར་རྒྱ་སྒོར་ཁྲི་༢༠༠ལྷག་སྤྲད་ཡོད་པ་དང་། དྲ་ལམ་དུ་བོད་མི་ཞིག་ནས་དུས་དབང་བཀོད་སྒྲིག་མཁན་ཚོས། དབང་ཞུ་མཁན་མི་མང་ཆེད་དུ་དངོས་རིགས་འབོར་ཆེན་ཉོས་ཟིན་པ་ལྟར། ད་ལྟའི་ཆར་གོ་རེ་དང་ཟས་རིགས་མང་པོ་ཞིག་སྤྲད་ན་ལེན་མཁན་མེད་པ་སོགས་ཀྱི་དཀའ་ངལ་འོག་འཕྲོ་བརླགས་དང་བེད་མེད་དུ་བཏང་ཡོད་སྐོར་བརྗོད་བཞིན་འདུག

ཉེན་རྟོག་པ་དང་དྲག་ཆས་དམག་མིས་དུས་དབང་བཀག་འགོག་བྱེད་བཞིན་པའི་རྣམ་པ་དང་༧སྐྱབས་རྗེ་བླ་མ་སྐལ་བཟང་བཀྲ་ཤིས་རྒྱ་མཚོ་མཆོག་གི་པར་རིས།. སྒྲིག་བཟོ།

༧སྐྱབས་རྗེ་བླ་མ་ཨ་ཐིས་སྐལ་བཟང་བཀྲ་ཤིས་རྒྱ་མཚོ་མཆོག་ནི་ཡུལ་དེའི་ཨ་ཐིས་དགོན་པའི་དགོན་བདག་དང་། ཁོང་ཨ་ཐིས་སྐུ་ཕྲེང་སྐུ་ཕྲེང་བདུན་པ་དང་གཞུང་ཆེན་སློབ་གཉེར་སོགས་སྐུ་འབུམ་བྱམས་པ་གླིང་དང་བླ་བྲང་བཀྲིས་འཁྱིལ་སོགས་ནས་གནང་མྱོང་ཡོད་དང་། ཐེངས་འདིར་ཁོང་གི་དུས་འཁོར་དབང་ཆེན་དེ་བཞིན་ལོ་མང་སྔོན་ནས་མི་མང་ནས་གཞུང་ལ་རེ་ཞུ་བྱས་པ་ཞིག་ཡིན་པ་དང་། ཐེངས་འདིར་རྒྱ་ནག་གཞུང་ངོས་ནས་ཁོང་གི་དུས་དབང་བཀག་འགོག་ཙམ་མ་ཟད་བཞེངས་སྒྲུབ་ཟིན་པའི་རྡུལ་མཚོན་དཀྱིལ་འཁོར་སྟེང་ཆུ་བླུགས་ནས་གཏོར་བཤིག་བ་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org