རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་གནོད་ཚུལ་གྱིས་གླུ་གཞས་རོལ་དབྱངས་ཐོག་དམ་དྲག
རྒྱ་ནག་གཞུང་གིས་དེང་སྐབས་རྒྱ་ནག་ནང་དར་ཁྱབ་ཆེ་བའི་(Karaoke)་གླུ་གཞས་རོལ་དབྱངས་མང་པོ་ཞིག་གིས་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་གནོད་ཚུལ་གྱིས་གླུ་གཞས་རོལ་དབྱངས་ཐོག་དམ་དྲག་བཀག་སྡོམ་བྱེད་བཞིན་ཡོད་འདུག
- 2021-07-19
-
-
-
རྒྱ་ནག་གཞུང་གིས་དེང་སྐབས་རྒྱ་ནག་ནང་དར་ཁྱབ་ཆེ་བའི་(Karaoke)་གླུ་གཞས་རོལ་དབྱངས་མང་པོ་ཞིག་གིས་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་གནོད་ཚུལ་གྱིས་གླུ་གཞས་རོལ་དབྱངས་ཐོག་དམ་དྲག་བཀག་སྡོམ་བྱེད་བཞིན་ཡོད་འདུག
དེ་ཡང་སྤྱི་ལོ་༢༠༢༠་ལོའི་ནང་རྒྱ་ནག་གཞུང་གིས་ང་ཐེ་ཝན་གྱི་བུ་མོར་དགའ་ཞེས་པའི་གཞས་དང་། རྟུག་དྲི་གཏོང་བ། དེ་བཞིན་པེ་ཅིང་གི་མི་མ་རབས་ཟེར་བ། སློབ་གྲྭ་ལ་འགྲོ་གི་མིན་ཟེར་བ་སོགས་(Karaoke)་གླུ་གཞས་རོལ་དབྱངས་འདྲ་མིན་༡༠༠་ལྷག་ཙམ་ཞིག་བཀག་སྡོམ་བྱས་ཡོད་པ་དང་། རྒྱ་གཞུང་གིས་གླུ་གཞས་དེ་ཚོའི་ནང་རྒྱལ་ཁབ་མགོ་རྟིང་སློག་རྒྱུ་འམ་རྒྱལ་ཡོངས་ཆིག་སྒྲིལ་ལ་གནོད་འཚེ་བཟོ་བའི་ནང་དོན་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་འདུག
ད་དུང་རྒྱ་ནག་གི་རིག་གཞུང་ལྷན་ཁང་ནས་རྒྱལ་ཁབ་ཀྱི་ཆིག་སྒྲིལ་ལ་གནོད་འཚེ་བཟོ་གཞིའི་(Karaoke)་གླུ་གཞས་མང་པོ་ཞིག་མེད་པ་བཟོ་རྒྱུའི་འཆར་གཞི་འཐེན་བཞིན་ཡོད་པ་མ་ཟད།
འཆར་གཞི་དེའི་ནང་རྒྱ་ནག་གཞུང་གིས་བཀའ་སྡོམ་བྱ་རྒྱུའི་(Karaoke)་གླུ་གཞས་ཀྱི་ཐོ་གཞུང་ཞིག་བཏོན་རྒྱུ་དང་། (Karoake)་ཚོང་གཉེར་ཁང་གི་སྦྱིན་བདག་ཚོས་གླུ་གཞས་ཀྱི་ནང་དོན་ལ་འགན་འཁུར་ལེན་བླངས་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་མང་གི་མཐུན་སྒྲིལ་ལ་གནོད་འཚེ་ཕོག་གཞིའི་གླུ་གཞས་ཚང་མ་རང་འགུལ་གྱིས་ཕྱིར་འཐེན་བྱེད་དགོས་ཀྱི་ཡོད་ལུགས་གོང་ཞུས་ལྷན་ཁང་གི་དྲ་རྒྱའི་ཐོག་བདུན་ཕྲག་སྔོན་པའི་ནང་གནས་ཚུལ་བཀོད་ཡོད་པ་རེད།
སྤྱིར་བཏང་ནས་(Karaoke)་ཟེར་བའི་གླུ་གཞས་དེ་ཚོ་དེང་གི་དུས་སུ་རྒྱ་ནག་ནང་ཧ་ཅང་གི་དར་སྲོལ་ཆེན་པོ་ཡོད་པ་དང་། གཞས་དེ་རིགས་ནི་ཆང་ཁང་དང་། ཟ་ཁང་སོགས་ཀྱི་ནང་ན་གཞོན་ཚོས་བག་གཡེང་སྤྲོ་སྐྱིད་ལ་རོལ་སྐབས་རོལ་དབྱངས་དང་མཉམ་གླུ་ཚིག་འཆར་ངོས་སུ་ཤར་བར་བལྟས་ནས་སོ་སོས་གཞས་གཏོང་རྒྱུའི་སྤྲོ་སྐྱིད་གཏོང་སྲོལ་ཞིག་ཡིན་པ་རེད། ཡིན་ནའང་རྒྱ་ནག་གཞུང་གི་ངོས་ནས་(Karaoke)་གླུ་གཞས་ཀྱི་ནང་དོན་ཐོག་ལ་ཧ་ཅང་གིས་དོ་སྣང་ཆེན་པོ་བྱེད་བཞིན་པ་མ་ཟད། བློ་ཚབས་ཡང་ཆེན་པོ་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་དང་། ཧོང་ཀོང་། ཐེ་ཝན་གྱི་གནད་དོན་ཐད་ཨ་མི་རི་ཀའི་རང་དབང་ཁང་པའི་ཉམས་ཞིབ་པ་རྒན་གྲས་ལྕམ་(Angeli Datt)་ཡིས། གོང་ཞུས་བཀག་སྡོམ་དེ་བཞིན་རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་མི་ལོ་བརྒྱ་འཁོར་བའི་དུས་སྟོན་རྗེས་སུ་ལག་བསྟར་བྱེད་འགོ་ཚུགས་པ་ཞིག་ཡིན་ལུགས་གསལ་སྟོན་གནང་ཡོད་པ་རེད།
ཡང་གནད་དོན་དབྱེ་ཞིབ་པ་ཚོས། རིག་གཞུང་དང་འབྲེལ་བའི་གཞས་གཏོང་རྒྱུ་ལ་སོགས་པའི་བྱ་བ་བཀག་སྡོམ་བྱས་པ་དེ་ནི། རྒྱ་ནག་གཞུང་གིས་འགྲོ་བ་མིའི་སྨྲ་བརྗོད་རང་དབང་ལ་བརྩི་འཇོག་མ་བྱས་བ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་པ་རེད།
གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།