ཨ་རིས་ཆོས་དད་རང་དབང་གི་སྙན་ཐོ་བཏོན་པར་རྒྱ་ནག་དགའ་མི་འདུག

ཨ་མི་རི་ཀས་ཆོས་དད་རང་དབང་གི་སྙན་ཐོ་བཏོན་པ་དེར་རྒྱ་ནག་གཞུང་གིས་མཐའ་གཅིག་ཏུ་ངོ་རྒོལ་ཞུ་རྒྱུ་ཡིན་ཞེས་མི་འདོད་པའི་རྣམ་འགྱུར་བསྟན་འདུག

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས། TD/FB

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཆེན་མོ་(Rex Tillerson)་མཆོག་གིས། རྒྱ་ནག་གཞུང་གིས་བོད་མི་ནང་པ་དང་། ཁ་ཆེའི་ཆོས་དད་པ། ཡུ་གུར་མི་རིགས། དེ་བཞིན་ཧྥ་ལུང་ཀུང་ཆོས་དད་པ་སོགས་ཆོས་ལ་ཡིད་ཆེས་དད་པ་བྱེད་མཁན་སྟོང་ཕྲག་མང་པོར་ཆོས་དད་རང་དབང་མ་སྤྲད་པར་བཙོན་བཅུག་གིས་མནར་གཅོད་གཏོང་གི་ཡོད་པ་རེད་ཅེས་གསུངས་པ་དེར་རྒྱ་ནག་ཁོང་ཁྲོ་ཆེན་པོ་ལངས་ནས་ཨ་མི་རི་ཀ་རང་ཉིད་ཡང་སྐྱོན་གྱིས་མ་འགོས་པ་ཡང་དག་པ་དེ་འདྲ་མ་རེད། བྱས་ཙང་ཨ་རིས་གཞི་མེད་སྐྱོན་འཛུགས་བྱ་རྒྱུའི་ཚབ་ཏུ་སོ་སོའི་ལས་དོན་ལ་ལྟ་དགོས་པ་རེད་ཅེས་བཤད་འདུག
དེ་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Rex Tillerson)་མཆོག་གིས་ཕྱི་སྲིད་ལས་ཁུངས་ནང་ལོ་རེའི་རྒྱལ་སྤྱིའི་ཆོས་དད་རང་དབང་གྱི་སྙན་ཐོ་ངོ་སྤྲོད་གནང་བའི་སྐབས། རྒྱ་ནག་གིས་གྲངས་ཉུང་མི་རིགས་ཚོར་ཆོས་དད་རང་དབང་སྤྲོད་ཀྱི་མེད་པའི་སྐོར་གསུངས་ཡོད་པ་དང་། དེར་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་Hua Chunying ཀྱིས། རྒྱ་ནག་གཞུང་གིས་ཆོས་དད་རང་དབང་ལ་སྲུང་སྐྱོབ་དང་བརྩི་བཀུར་ཞུ་གི་ཡོད་པ་དང་། ཨ་རིས་བཏོན་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་ཞེས་པ་དེ་ནི་བདེན་རྫུན་ཇི་ཡིན་གསལ་པོ་མེད་པའི་མགོ་རྙོག་ཅན་གྱི་སྙན་ཐོ་ཞིག་རེད་ལ་དེར་རྒྱ་ནག་གཞུང་གིས་མཐའ་གཅིག་ཏུ་ངོ་རྒོལ་ཞུ་རྒྱུ་ཡིན་ཞེས་བཤད་འདུག
དེ་བཞིན་Hua ་ཡིས། ཨ་རིས་གཞན་ལ་སྐྱོན་བརྗོད་བྱ་རྒྱུའི་ཚབ་ཏུ་རང་ཉིད་ཀྱི་དཀའ་ངལ་རྣམས་སེལ་ཐབས་གནང་ན་ལེགས་པ་ཡོད་པ་དང་། ཨ་རི་ཡང་སྐྱོན་གྱིས་མ་འགོས་པའི་ཡང་དག་པ་དེ་འདྲ་མིན་ཙང་ཆོས་དད་རང་དབང་གི་མིང་འཁྱེར་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུ་མཚམས་འཇོགས་གནང་དགོས་པའི་ནན་སྐུལ་ཞུ་གིན་ཡོད་ཅེས་བཤད་འདུག
ཡང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ལས་ཁང་གིས། རེས་གཟའ་སྤེན་པའི་ཉིན། ཨ་རིའི་Charlottesville ་གྲོང་ཁྱེར་ནང་བྱུང་བའི་མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེ་འཛིན་མཁན་མི་རིགས་དཀར་པོའི་དཀའ་རྙོག་བྱུང་བ་དེ་ལུང་འདྲེན་བྱས་ནས། ཨ་རིས་རྒྱ་ནག་ལ་འཛུབ་མོ་མ་བཙུགས་གོང་རང་ཉིད་ཀྱི་དཀའ་ངལ་རྣམས་སེལ་ཐབས་བྱ་དགོས་པ་དང་། དྲག་སྤྱོད་ཀྱི་ལས་འགུལ་དེ་ནི་མི་རིགས་འཐེན་འཁྱེར་གྱི་གནད་དོན་ཞིག་ལ་སོང་། དེ་ནི་ཧ་ཅང་ཛ་དྲག་གི་གནས་ཚུལ་ཞིག་རེད་ཅེས་བཤད་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org