རྒྱ་མི་ཚོར་འགྲོ་བ་མིའི་ཐོབ་ཐང་ལོང་སྤྱོད་བྱ་རྒྱུའི་ལམ་ཐག་རིང་།

རྒྱ་ནག་གི་ཆབ་འབངས་ཡུལ་མི་ཚོར་འགྲོ་བ་མིའི་ཐོབ་ཐང་ཆ་ཚང་ལོང་སྤྱོད་བྱ་རྒྱུའི་ལམ་ཐག་རིང་པོ་ཡོད་པར་ངོས་ལེན་བྱས་འདུག

༄༅༎རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲིལ་བསྒྲགས་ལས་ཁུངས་ཀྱི་འགན་འཛིན་ལྦང་ཁྲེན་གྱིས་རྒྱ་ནག་གི་ཆབ་འབངས་ཡུལ་མི་ཚོར་འགྲོ་བ་མིའི་ཐོབ་ཐང་ཆ་ཚང་ལོང་སྤྱོད་བྱ་རྒྱུའི་ལམ་ཐག་རིང་པོ་ཡོད་པར་ངོས་ལེན་བྱས་འདུག།

དེ་རིང་དབྱིན་ཡིག་ནང་སྤེལ་བའི་རྒྱ་ནག་ཉིན་རེའི་གསར་ཤོག་ཐོག་ལྦང་གི་གཏམ་བཤད་ཤིག་འདོན་སྤེལ་བྱས་ཡོད་ཅིང༌། དེའི་ནང་དེང་སྐབས་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ལ་ཡར་རྒྱས་ཅུང་ཟད་ཕྱིན་ཡོད་ནའང༌། རྒྱལ་སྤྱིའི་ཐོབ་ཐང་གི་ཚད་གཞི་དང་མཐུན་པ་ཆགས་རྒྱུར་ད་དུང་དུས་ཚོད་མང་པོ་འགོར་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བཞག། དེ་བཞིན་ལྦང་གིས་རྒྱ་ནག་ནང་རང་བཞིན་འབྱུང་བའི་གོད་ཆག་མང་པོ་ཡོང་བཞིན་ཡོད་པའི་ཐོག་། ལོ་རྒྱུས་དང་རིག་གཞུང་གི་འགོག་རྐྱེན། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་བར་ཁྱད་ཆེན་པོ་ཡོད་པ་བཅས་རྒྱུ་རྐྱེན་མང་པོ་ཞིག་གིས་ རྒྱ་ནག་མི་མང་གི་འགྲོ་བ་མིའི་ཐོབ་ཐང་གི་ཚད་གཞི་ཡར་རྒྱས་འགྲོ་རྒྱུར་དཀའ་ངལ་དང་མདོང་ལེན་བྱེད་དགོས་པའི་གནད་དོན་ཆགས་ཀྱི་ཡོད་སྟབས། རྒྱ་ནག་གི་ཆབ་འབངས་ཡུལ་མི་ཚོས་འགྲོ་བ་མིའི་ཐོབ་ཐང་ཆ་ཚང་བ་ཞིག་ལོང་སྤྱོད་བྱ་རྒྱུའི་དམིགས་ཡུལ་ཆེན་པོ་དེ་ལམ་སེང་འགྲུབ་ཁག་པོ་ཡིན་སྐོར་བརྗོད་འདུག།

ཡང་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲིལ་བསྒྲགས་ལས་ཁུངས་ཀྱི་འགན་འཛིན་ལྦང་ཡིས་ རྒྱ་ནག་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་དེ་ཆ་སྙོམ་ལྡན་པ་ཞིག་མེད་སྐོར་ཐེར་འདོན་དང་འབྲེལ། མང་ཚོགས་ཀྱི་ཡོང་འབབ་ལ་ཁྱད་པར་ཆེན་པོ་ཡོད་པ་དང༌། ཡུལ་གྱི་ནང་ཟས་སོང་གི་རིན་པ་ཕར་བ་དང༌། གྲོང་ཁྱེར་འགའ་ཤས་ནང་ས་ཁང་གི་རིན་གོང་ལ་ཕར་ཆ་ཆེན་པོ་ཕྱིན་པ། ཟ་ཆ་སྤུས་ཚད་ཐོག་བཏང་འཛིན་བྱེད་མ་ཐུབ་པ། ཤེས་རིག་དང་སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་མང་ཚོགས་ལ་ཆ་སྙོམ་ཞིག་ཐོབ་ཀྱི་མེད་པའི་དཀའ་ངལ་དང༌། གྲོང་ཁྱེར་དང་ཞིང་ཁུལ་ས་གནས་དབར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ཁྱད་པར་ཆེན་པོ་ཡོད་པ། ཁྲིམས་འགལ་ས་ཆ་བདག་ཐོབ་བྱས་པའི་དབང་གི་སྤྱི་ཚོགས་ནང་གཏན་ལྷིང་མེད་པ་སོགས་རྒྱ་ནག་སྤྱི་ཡོངས་ཀྱི་རྒྱ་གཞུང་གིས་འབ་བསུ་མ་འདུས་པའི་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པའི་གནས་ཚུལ་གཅིག་གཅིག་གཉིས་གཉིས་འགྲེལ་བཤད་གནང་འདུག། དེ་དང་ཕྱོགས་མཚུངས་ལྦང་ཡིས་ རྒྱ་ནག་གཞུང་གིས་རྒྱ་ནག་མི་མང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབས་ཡར་རྒྱས་གཏོང་རྒྱུ་དང་མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་གཏོང་རྒྱུ། ཡུལ་གྱི་ནང་དམངས་གཙོ་དར་འཕེལ་གཏོང་རྒྱུའི་དམིགས་ཡུལ་དང་ཁྲིམས་ཀྱི་དབང་བསྒྱུར་ལག་བསྟར་ཡག་པོ་ཐུབ་པའི་༢༠༡༢ནས་༢༠༡༥བར་གྱི་འགྲོ་བ་མིའི་ཐོབ་ཐང་གི་འཆར་གཞི་གསར་པ་ཞིག་བཏོན་རྒྱུ་ཡིན་སྐོར་ཡང་འགྲེལ་བརྗོད་གནང་བཞག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org