རྒྱ་ནག་གི་U-20རྐང་རྩེད་སྤོ་ལོའི་རུ་ཁག་གནས་སྐབས་རིང་ནར་འགྱངས་བྱེད་དགོས་བྱུང་བ།

འཇར་མ་ནིའི་ནང་བོད་དོན་རྒྱབ་སྐྱོར་བས་ངོ་རྒོལ་བྱས་པའི་རྐྱེན་གྱིས་རྒྱ་ནག་གི་U-20 ཞེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་གནས་སྐབས་རིང་ནར་འགྱུངས་བྱེད་དགོས་བྱུང་བ།

རྒྱ་ནག་གི་U-20ཞེས་པའི་རྐང་རྩེད་སྤོ་ལོིའི་རུ་ཁག་འཇར་མན་ནང་འགྲན་བསྡུར་བྱེད་སྐབས། རྕེད་ཐང་དུ་བོད་དོན་རྒྱབ་སྐྱོར་བས་ངོ་རྒོལ་བྱེད་བཞིན་པ། ཨེ་ཨེཕ་པི།

༄༅། །རྒྱ་ནག་གི་U-20ཞེས་པའི་རྐང་རྩེད་སྤོ་ལོིའི་རུ་ཁག་དེས་འཇར་མན་ནང་རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱེད་སྐབས་། རྕེད་འགྲན་གྱི་ཐང་ཆེན་དུ་བོད་དོན་རྒྱབ་སྐྱོར་བ་ཚོས་བོད་ཀྱི་རྒྱལ་དར་འཕྱར་གནང་ཡོད་ཅིང་། དེས་རྐྱེན་པས་རྒྱ་ནག་གི་རྐང་རྩེད་སྤོ་ལོའི་འགྲན་རྩོད་རུ་ཁག་གི་འཇར་མ་ནིའི་ནང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཁག་གནས་སྐབས་ནར་འགྱངས་བྱེད་དགོས་བྱུང་ཡོད་པ་རེད་འདུག

དེའང་ཕྱི་ལོ་༢༠༢༠ལོའི་ ཊོག་ཡོ་ནང་སྤེལ་རྒྱུའི་རྒྱལ་སྤྱིའི་རྐང་རྩེད་སྤོ་ལོའི་འགན་བསྡུར་ཁྲོད་རྒྱ་ནག་གི་རྐང་རྩེད་སྤོ་ལོའི་རུ་ཁག་བཞུགས་རྒྱུའི་གོ་སྐབས་ཐོབ་ཆེད་དུ་།  རྒྱ་ནག་གི་རྐང་རྩེད་སྤོ་ལོའི་རུ་ཁག་ཚོས་ཕྱི་རྒྱལ་གྱི་རྐང་རྩེད་སྤོ་ལོའི་རུ་ཁག་དབར་དང་མཛའ་གྲོགས་ཀྱི་འགྲན་བསྡུར་བྱེད་བཞིན་པའི་ཁོངས་སུ་རྒྱ་ནག་གི་U-20ཞེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་འཇར་མ་ནིའི་ནང་འཇར་མན་གྱི་རྐང་རྩེད་སྤོ་ལོའི་རུ་ཁག་དང་མཉམ་དུ་མཛའ་གྲོགས་ཀྱི་འགྲན་བསྡུར་བྱེད་བཞིན་ཡོད་པ་དང་།  མཛའ་གྲོགས་འགྲན་བསྡུར་དེ་བཞིན་དུས་སངས་ཕྱི་ཟླ་ལྔ་པའི་བར་བྱེད་རྒྱུ་ཡིན་ཞིང་།  ཡིན་ནའང་གཟའ་འཁོར་སྔོན་མར་འཇར་མན་གྱི་བར་ལིན་གྲོང་ཁྱེར་ནང་རྒྱ་ནག་གི་U-20 ཞེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་དང་འཇར་མན་གྱི་རྐང་རྩེད་སྤོ་ལོའི་རུ་ཁག་དབར་ལ་མཛའ་གྲོགས་ཀྱི་འགྲན་བསྡུར་བྱེད་པའི་སྐབས་སུ།  རྩེད་ཐང་གི་ལྟ་མོ་བལྟ་མཁན་ཁྲོད་ཀྱི་བོད་དོན་རྒྱབ་སྐྱོར་བ་ཁག་ཅིག་གིས་བོད་ཀྱི་རྒྱལ་དར་འཕྱར་ནས་རྒྱ་ནག་གཞུང་གིས་བོད་ནང་དབང་བསྒྱུར་བྱེད་བཞིན་པར་ངོ་རྒོལ་བྱས་ཡོད་པ་དང་།     འགྲན་བསྡུར་དེ་སྐབས་དེར་རྒྱ་ནག་ནང་སྙན་འཕྲིན་ཐོག་ཐད་གཏོང་བྱེད་བཞིན་ཡོད་སྟབས། འགྲན་བསྡུར་སྐར་མ་ཉི་ཤུ་རྩ་ལྔ་ཙམ་འཚམས་འཇོག་བྱེད་དགོས་བྱུང་ཡོད་པ་མ་ཟད།  ད་དུང་རྒྱ་ནག་གི་རྐང་རྩེད་སྤོ་ལོའི་རུ་ཁག་ནས་འཇར་མན་ནང་མཛའ་གྲོགས་ཀྱི་འགྲན་བསྡུར་བྱེད་ཕྱོགས་ཐད་ཕྱི་འབྲེལ་གྱི་རྩོད་གླེང་བྱུང་ ཞིང་། རྒྱ་ནག་གི་U-20ཞེས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་དེའི་འཇར་མན་ནང་གི་འགྲན་བསྡུར་ཁག་དུས་སངས་བར་ཕྱིར་འགྱངས་བྱེད་རྒྱུར་འབྲེལ་ཡོད་ཕྱོགས་གཉིས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་ནས་ཐག་གཅོད་བྱེད་དགོས་བྱུང་ཡོད་པ་རེད་འདུག།

གསར་འགོད་པ་འཆི་མེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org