བོད་ནང་གི་ལས་བྱེད་ཚོའི་ཆོས་དད་ལ་ཞིབ་འཇུག་བྱེད་བཞིན་ཡོད་ཟེར།
བོད་རང་སྐྱོང་ལྗོངས་དམར་ཤོག་ཚོཊ་པའི་དྲུང་ཆེ་ཡིས་གསང་བའི་ཐོག་ནས་ཏཱ་ལའི་བླ་མ་དང་ཆོས་དད་བྱེད་མཁན་ཡོད་མེད་ཀྱི་ཞིབ་འཇུག་བྱ་རྒྱུ་ཡིན་ཟེར།
-
2015-11-09 -
-
-
བོད་རང་སྐྱོང་ལྗོངས་དམར་ཤོག་ཚོཊ་པའི་དྲུང་ཆེ་ཡིས་གསང་བའི་ཐོག་ནས་ཏཱ་ལའི་བླ་མ་དང་ཆོས་དད་བྱེད་མཁན་ཡོད་མེད་ཀྱི་ཞིབ་འཇུག་བྱ་རྒྱུ་ཡིན་ཟེར།
དེ་ཡང་དེ་རིང་ཕྱི་ཚེས་༩ཉིན་རྒྱ་ནག་དབུས་གཞུང་སྒྲིག་ཁྲིམས་རྟོག་ཞིབ་ལྷན་ཁང་གི་དྲ་རྒྱའི་ཐོག བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་དྲུང་ཆེ་Chen Quanguoཡིས་གཏམ་བཤད་བྱས་པ་ཞིག་བཀོད་སྤེལ་བྱས་པའི་ནང༌། བོད་རང་སྐྱོང་ལྗོངས་ནི་སྲོག་འཛིན་རླུང་ཉུང་བ་དང༌། ཁ་བྲལ་གྱི་ལས་འགུལ་ལ་ཤུགས་ཆེན་པོའི་ཐོག་ནས་གདོང་ལེན་བཅོག་དགོས་པའི་དཀའ་ངལ་ཅན་གྱི་ས་ཁུལ་ཞིག་ཆགས་ཀྱི་ཡོད་ཀྱང༌། དཀའ་ངལ་དེ་དག་གི་རྐྱེན་པས་ལྐོག་ཟ་རུལ་སུངས་མེད་པ་བཟོ་རྒྱུའི་གནད་དོན་ལྷོད་ཡང་གཏོང་གི་མ་རེད་ལ། ཡང་ལྐོག་ཟའི་དོན་རྐྱེན་ཞིབ་འཇུག་བྱེད་པའི་སྐབས། ས་གནས་ཀྱི་དཔོན་རིགས་ཚོའི་ནང་ཕྱི་ལ་ཆོས་དད་བྱེད་ཀྱི་མེད་མདོག་མདོག་བྱས་པ་མ་གཏོགས། དོན་དངོས་སུ་གསང་བའི་ཐོག་ནས་ཆོས་ལ་དད་མོས་བྱེད་མཁན་ཡོད་མེད་ཞིབ་འཇུག་བྱ་རྒྱུར་དམིགས་བསལ་གྱི་དོ་སྣང་སྤྲོད་ཀྱི་ཡོད། ལས་བྱེད་པ་ཚོའི་ནང་ཏྭ་ལའི་བླ་མ་ལ་མོས་གུས་བྱེད་མཁན་དང༌། ཆོས་ལ་དད་པ་བྱས་པའི་ཐོག་ནས་གནས་སྐོར་ལ་བསྐྱོད་མཁན། གསང་བའི་ཐོག་ནས་ཏྭ་ལའི་བླ་མའི་གསུང་ཆོས་ལ་ཉན་མཁན། རང་གི་ཕྲུ་གུ་རྣམས་ཏྭ་ལའི་བླ་མའི་རྗེས་འབྲངས་པའི་བཙུགས་པའི་སློབ་གྲྭར་གཏོང་མཁན་བཅས་པར་དམར་ཤོག་ཚོགས་པས་དམིགས་བསལ་གྱི་དོ་སྣང་དང་ཞིབ་འཇུག་བྱེད་ཀྱི་རེད་ཅེས་གང་ལྟར་བོད་རང་སྐྱོང་ལྗོངས་ཀྱི་ནང་ད་བར་ལྐོག་ཟ་རུལ་སུངས་མེད་པ་བཟོ་ཐབས་ཀྱི་ལས་འགུལ་སྤེལ་བཞིན་པ་དེ་དག་མངའ་ཁུལ་གྱི་ལས་བྱེད་པ་ཚོའི་ནང་གསང་བའི་ཐོག་ནས་ཏཱ་ལའི་བླ་མ་དང་ཆོས་ལ་དད་མོས་བྱེད་མཁན་ཡོད་མེད་ཀྱི་ཞིབ་འཇུག་བྱ་རྒྱུར་ཡང་དམིགས་པ་ཞིག་ཡིན་ཅེས་བཤད་ཡོད་པའི་གནས་ཚུལ་བཀོད་འདུག
གསར་འགོད་པ་ངག་ཆོས།