རྒྱ་ནག་གཞུང་གིས་བོད་ནང་འཛུགས་བསྐྲུན་དང་མཉམ་རྒྱ་རིགས་མང་པོ་གནས་སྤོས།

བོད་ཆབ་མདོ་ས་ཁུལ་དུ་རྒྱ་ནག་གཞུང་གིས་མུ་མཐུད་དུ་འཛུགས་བསྐྲུན་ལས་གཞི་སྤེལ་བཞིན་པ་དང་མཉམ་རྒྱ་རིགས་མང་པོ་བོད་ནང་གནས་སྤོར་ཡོང་བཞིན་ཡོད་འདུག

ཆབ་མདོ་གྲོང་ཁྱེར་ནང་རྒྱ་ནག་གི་དྲིལ་བསྒྲགས་སྦྱར་བྱང་། ༼ཟླ་ཚེས་མི་གསལ བོད་འབྱོར།

བོད་ཆབ་མདོ་ས་ཁུལ་དུ་རྒྱ་ནག་གཞུང་གིས་མུ་མཐུད་དུ་འཛུགས་བསྐྲུན་ལས་གཞི་སྤེལ་བཞིན་པ་དང་མཉམ་རྒྱ་རིགས་མང་པོ་བོད་ནང་གནས་སྤོར་ཡོང་བཞིན་ཡོད་འདུག
བོད་ཤར་ཕྱོགས་ཆབ་མདོ་ས་ཁུལ་གྱི་རྫོང་ཁག་གི་གྲོང་གསེབ་དང་གྲོང་ཁྱེར་ཁག་གི་ནང་དུ། རྒྱ་ནག་གཞུང་གིས་མུ་མཐུད་དུ་འཛུགས་སྐྲུན་ལས་གཞི་སྤེལ་བཞིན་ཡོད་པའི་ཁར་ལོ་རེ་བཞིན་རྒྱ་རིགས་མི་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་འདུག་ཅིང་། ཆབ་མདོ་ས་ཁུལ་གྱི་མཛོ་སྒང་རྫོང་མ་ཆུང་ས་གནས་སུ་རྒྱ་ནག་གཞུང་གིས་དབུལ་སྒྲོལ་འགག་སྒྲོལ་ཟེར་བའི་ལས་གཞི་ཞིག་གི་འོག་ཞིང་པ་ཚོའི་ས་ཞིང་བསྡུ་ལེན་བྱས་ཏེ་ཁང་པ་གསར་རྒྱག་དང་འབྲེལ་བའི་ལས་གཞིའི་རིགས་སྤེལ་མུས་ཡིན་འདུག་པ་དང་། དེ་སྔ་༢༠༠༦-༠༧་ལོར་མཛོ་སྒང་རྫོང་གི་མ་ཆུང་དང་གླེང་སྐོར་གྲོང་སྡེ་སོགས་ཀྱི་ནང་རྒྱ་རིགས་ཉུང་ཤས་ཤིག་ལ་མེད་ཀྱང་། ད་སྐབས་རྒྱ་རིགས་ཧ་ཅང་མང་པོ་གནས་སྤོས་ཟིན་ཡོད་འདུག་ལ་རྒྱ་རིགས་མི་འབོར་གྱི་ཁ་གྲངས་ཇི་ཙམ་ཡོད་མིན་ཁ་གསལ་ཞུ་རྒྱུ་ཁག་པོ་ཡིན་པ་བོད་ནང་ནས་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་འདི་གའི་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་སོང་།
ཡང་རྒྱ་ནག་གཞུང་གིས་བཤད་པར་གཞིགས་ན། རྒྱ་ནག་གཞུང་གིས་དབུལ་སྒྲོལ་ཟེར་བའི་ལས་གཞི་འོག་སྤྱི་ལོ་༢༠༡༦་ལོ་ནས་བཟུང་ད་བར་ཆབ་མདོ་ས་ཁུལ་ནས་བོད་མི་ཁྲི་གཉིས་དང་དྲུག་སྟོང་ལྷག་ལྷ་སའི་ཉེ་ཁོར་དུ་གནས་སྤོས་ཟིན་ཡོད་པ་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་ཡོད་པ་མ་ཟད། ཆབ་མདོ་ས་ཁུལ་གྱི་བོད་མི་ཚོ་རང་གི་ས་ཁུལ་ནས་གནས་སྤོས་ཟིན་པའི་རྗེས་ས་ཁུལ་དེ་དག་ལ་རྒྱ་གཞུང་གིས་འཛུགས་བསྐྲུན་ལས་གཞི་སྤེལ་ཏེ་རིམ་པས་རྒྱ་རིགས་མི་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པ་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་ཞི་བདེ་ཟླ་བ་ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
ཡང་བོད་མི་གཞན་ཞིག་གིས། དེང་སྐབས་ཆབ་མདོའི་གྲོང་ཁྱེར་ནང་དུ་ལས་ཀ་རག་པར་རྒྱ་ཡིག་ནི་དགོས་མཁོ་ཆེ་ཞིང་། གལ་ཏེ་རྒྱ་ཡིག་མ་ཤེས་པ་ཡིན་ན། ཐ་ན་ཟ་ཁང་དང་མགྲོན་ཁང་དཀྱུས་མ་ཞིག་གི་ནང་ལས་ཀ་རག་རྒྱུ་ཁག་པོ་ཡིན་པ་བོད་མི་གཞན་ཞིག་གིས་འགྲེལ་བརྗོད་གནང་སོང་ལ། ད་དུང་གྲོང་གསེབ་ཁག་ནས་ཆབ་མདོར་གནས་སྤོས་ཟིན་པའི་གཟའ་མི་མང་པོ་ཡོད་པའི་བོད་མིའི་ཁྱིམ་ཚང་དེ་དག་གྲོང་ཁྱེར་ནང་རྒྱ་གཞུང་གིས་སྤྲད་པའི་ཁང་ཆུང་ནང་གནས་སྡོད་བྱེད་པའི་སྐབས་དཀལ་ངལ་ཆེན་པོ་འཕྲད་བཞིན་ཡོད་པ་དང་། ལྷག་པར་དུ་གྲོང་ཁྱེར་གྱི་འཚོ་བའི་ཐོག་ལ་ཆ་རྒྱུས་མེད་པའི་ཞིང་པ་དང་འབྲོག་པ་ཚོར་དམིགས་བསལ་གྱིས་དཀའ་ངལ་ཤུགས་ཆེ་འཕྲད་བཞིན་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་རྒྱ་ནག་གཞུང་གིས་དབུལ་སྒྲོལ་ཟེར་བའི་ལས་གཞིར་ཁ་གཡར་ཏེ་བོད་མི་སྡོད་གནས་ས་ཁུལ་མང་པོ་ཞིག་ལ་འཛུགས་སྐྲུན་ལས་གཞི་སྤེལ་ཞོར་བཙན་གྱིས་ཞིང་འབྲོག་ས་ཁུལ་གྱི་བོད་མི་ཚོ་གྲོང་ཁྱེར་དང་རྒྱ་མིའི་ཤུགས་རྐྱེན་ཡོད་པའི་ས་གནས་ཁག་ཏུ་གནས་སྤོ་བྱེད་བཅུག་གི་ཡོད་པ་དེས་འབྱུང་འགྱུར་བོད་མིའི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་ས་ཁུལ་དེ་དག་རྒྱ་ནག་ཅན་དུ་འགྱུར་རྒྱུའི་ཉེན་ཁ་ཡོད་པ་ཉམས་ཞིབ་པ་ཞི་བདེ་ཟླ་བ་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་བོད་ཀྱི་ཞིང་འབྲོག་མི་དམངས་ཀྱི་ས་ཞིང་རྣམས་རྒྱ་གཞུང་གི་ངོས་ནས་འཕྲོག་ལེན་བྱས་ཏེ་རྗེས་སུ་བོད་མི་ཚོར་ས་ཞིང་མེད་པ་ཆགས་འགྲོ་བཞིན་ཡོད་པ་དང་། སྲིད་བྱུས་དེའི་དབང་གིས་བོད་ནང་རྒྱ་རིགས་ཚོ་གནས་སྤོ་བྱ་བར་ལས་སླ་རུ་ཕྱིན་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་ཐེར་འདོན་བྱེད་ཡོད་པ་དང་། རྒྱུན་དུ་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་པའི་སྐབས། གནས་སྤོས་ཟིན་པའི་བོད་མི་དེ་དག་རང་ཉིད་དྭང་དུ་བླངས་ཏེ་གནས་སྤོས་བྱེད་ཡོད་པ་ལས་བཙན་གྱིས་གནས་སྤོ་བྱས་མེད་པ་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་རེད།



2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org