རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ནང་རྒྱལ་སྟོན་དུས་ཆེན་ཟེར་བ་སྲུང་བརྩི་བྱེད་བཅུག་འདུག

རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཟེར་བ་རྒྱ་ནག་གི་འབྲེལ་ཡོད་ཚན་པས་བོད་ནང་གི་དགོན་སྡེ་ཁག་ཏུ་རྒྱལ་དར་བསྒྲེངས་འཛུགས་སོགས་བཙན་ཐབས་ཀྱིས་སྲུང་བརྩི་བྱེད་བཅུག་ཡོད་འདུག

རྒྱ་ནག་གཞུང་གིས་བོད་ནང་གི་དགོན་སྡེ་ཁག་ནང་རྒྱལ་སྟོན་དུས་ཆེན་ཟེར་བ་སྲུང་བརྩི་བྱེད་བཅུག་སྐབས། ༡༠།༠༡།༢༠༢༣ Chinese State Media

ཕྱི་ཟླ་༡༠་བའི་ཚེས་༡་ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དབུ་བརྙེས་ཏེ་ལོ་ངོ་༧༤་འཁོར་བའི་རྒྱལ་སྟོན་དུས་ཆེན་ཟེར་བ་དང་བསྟུན། རྒྱ་ནག་གཞུང་གིས་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་གཞུང་འབྲེལ་མཛད་སྒོ་ཚུགས་ཡོད་པ་དང་། ཉིན་དེར་ལྷ་ས་ཁུལ་ཡོངས་སུ་ཉེན་རྟོག་ས་ཚིགས་ཆེད་འཛུགས་དང་མི་མང་ལ་ཞིབ་བཤེར་དང་དམ་དྲག་ཤུགས་ཆེར་བྱས་ཡོད་ཀྱང་། བོད་རང་སྐྱོང་ལྗོངས་ཟེར་བ་གཙོས་བོད་ནང་གི་ས་ཁུལ་ཁག་གི་དགོན་སྡེའི་གྲྭ་བཙུན་ཚོར་རྒྱ་ནག་གི་དར་དམར་བསྒྲེངས་འཛུགས་ཀྱི་ལས་འགུལ་དང་འབྲེལ། གྲྭ་བཙུན་ཚོར་མེས་རྒྱལ་ལ་དགའ་ཞེན་ཞེས་པའི་སློབ་གསོ་དྲིལ་བསྒྲགས་སོགས་བྱས་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ཀྱིས་ཡིག་ཐོག་བརྒྱུད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་དགོན་པ་ཁག་གིས་རྒྱལ་སྟོན་དུས་ཆེན་སྲུང་བརྩི་བྱས་སྐོར་དང་། དགོན་སྡེ་ཁག་གི་གྲྭ་བཙུན་ཚོས་དགའ་སྤྲོའི་ངང་མེས་རྒྱལ་ལ་དགའ་ཞེན་གྱིས་རྒྱལ་སྟོན་དུས་ཆེན་སྲུང་བརྩི་དང་། ཞི་ཅིན་ཕིན་གྱི་རྒྱལ་སྟོན་གཏམ་བཤད་ལ་སློབ་སློབ་བྱས་སྐོར་སོགས་བཀོད་ཡོད་པ་དང་། སི་པན་དུ་གནས་སྡོད་བོད་ཀྱི་གནད་དོན་དབྱེ་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས། རྒྱ་ནག་གཞུང་གིས་དམིགས་བསལ་བོད་ཀྱི་དགོན་སྡེ་ཁག་ཏུ་རྒྱལ་སྟོན་དུས་ཆེན་སྲུང་བརྩི་དང་ཆབ་སྲིད་སློབ་གསོ་སྤེལ་དོན། དགོན་སྡེ་ཁག་དེ་བོད་ཀྱི་རིག་གནས་ཀྱི་ལྟེ་བ་དང་མི་མང་གི་སྣེ་ཁྲིད་མཁན་ཆགས་ཡོད་པས། མི་མང་ཁྲོད་དམར་ཤོག་ཚོགས་པས་བོད་ལ་དབང་བསྒྱུར་ངོས་ལེན་ཡོད་ཐབས་སྟོན་པ་ཞིག་ཆགས་ཀྱི་ཡོད་པ་བརྗོད་བྱུང་།


ཉིན་དེར་བོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ། རྒྱ་ནག་གཞུང་གིས་ཆེད་འགུག་བྱས་པའི་གཞུང་གི་ལས་བྱེད་དང་སློབ་ཕྲུག་སོགས་མི་གྲངས་༤༠༠ལྷག་འཛོམས་ནས་དུས་ཆེན་སྲུང་བརྩི་བྱས་ཡོད་ན་ཡང་། སྐབས་དེར་ལྷ་ས་ཁུལ་གྱི་དགོན་སྡེ་ཁག་དང་མཆོད་མཇལ་བྱེད་ཡུལ་ཁག་ལ་མི་མང་འགྲོ་བསྐྱོད་བྱེད་མ་བཅུག་པར་བཀག་འགོག་བྱས་ཡོད་པ་རེད་འདུག་ལ། སངས་རྒྱས་སྐྱབས་ལགས་ཀྱིས་མུ་མཐུད་དུ་གསུངས་ན། རྒྱ་ནག་གཞུང་གིས་ཕྱོགས་གཅིག་ནས་མི་མང་ཁྲོད་དམ་དྲག་དང་། ངོས་གཅིག་ནས་དགོན་སྡེ་ཁག་གིས་དམར་ཤོག་ཚོགས་པར་དགའ་མོས་ཡོད་ཚུལ་བསྒྲགས་པ་དེ། བོད་མིའི་ཆོས་དང་རིག་གཞུང་དང་དད་མོས་ལ་རྡོག་རོལ་གཏོང་གི་ཡོད་པ་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་བསྒྲགས་པའི་གནས་ཚུལ་ཁག་ཏུ། ལྷ་ས་འབྲས་སྤུངས་དགོན་དང་། རྔ་བ་སྒོ་མང་དགོན། དེ་བཞིན་མགོ་ལོག་སྨར་འབྲིང་ཡུལ་ཚོའི་འབོས་པ་དགོན། མཛོད་དགེ་རྫོང་སྟག་ཚ་དགོན་དང་། བྱམས་མེ་འབྲས་སྤུང་དགོན། རྭ་རྒྱ་དགོན། རྨ་ཆུ་དང་ཀླུ་ཆུ་སོགས་ཀྱི་དགོན་སྟེ་ཁག་ཏུ། གྲྭ་བཙུན་ཚོའི་ལག་ཏུ་སྦྱར་ཡིག་ངོས་སུ་རྒྱལ་དར་སྒྲེང་འཛུགས་ཀྱིས་རྒྱལ་སྟོན་དུས་ཆེན་སྲུང་བརྩི་བྱས་སྐོར་བཀོད་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་གིས་ལོ་ལྟར་རྒྱལ་སྟོན་དུས་ཆེན་དང་བསྟུན་བོད་ནང་དམ་དྲག་དང་ཆབ་སྲིད་དྲིལ་བསྒྲགས་སྣ་ཚོགས་བྱེད་སྲོལ་ཡོད་པ་བཞིན། འདི་ལོ་ཡང་རྒྱལ་སྟོན་དུས་ཆེན་སླེབས་ལ་ཉེ་བ་དང་མི་མང་ཁྲོད་དམ་དྲག་ཞིབ་བཤེར་བྱེད་འགོ་ཚུགས་ཏེ། སྤྱི་སྤྱོད་རླངས་འཁོར་སོགས་ནང་མི་མང་ལ་ཞིབ་བཤེར་དང་ཡིག་ཆ་མ་ཚང་བར་ལྷ་སར་སྡོད་མ་བཅུག་པའི་གནས་ཚུལ་ཐོན་ཡོད་པ་རེད།


གསར་འགོད་པ། བསྟན་འཛིན་འཕགས་སྒྲོན།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org