རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཀྱི་མིང་ཐོག་ནས་བོད་མི་ཚོ་འཛིན་བཟུང་ཁྲིམས་ཆད་གཅོད་བཞིན་པ་རེད།
རྒྱ་ནག་གཞུང་གིས་རྒྱལ་ཁབ་བདེ་འཇགས་ཆེད་གསང་མྱུལ་ལ་འགོག་རྒོལ་ཟེར་བའི་ཁྲིམས་ཡིག་གཏན་འབེབས་བྱས་པས་བོད་མི་མང་པོ་འཛིན་བཟུང་བཙོན་འཇུག་བྱས་དང་བྱེད་བཞིན་པ་འབྲེལ་ཡོད་ཉམས་ཞིབ་པས་འགྲེལ་བརྗོད་གནང་བྱུང་།
- 2023-07-26
-
-
-
Your browser doesn’t support HTML5 audio
སྐབས་༡༤པའི་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཟེར་བས། གསང་མྱུལ་ལ་ངོ་རྒོལ་གྱི་བཅའ་ཁྲིམས་བསྐྱར་བཅོས་ཟེར་བའི་ལེའུ་དྲུག་ཅན་གྱི་ཁྲིམས་ཡིག་ཅིག་གཏན་འབེབས་ཀྱིས། ཉེ་ལམ་སྤྱི་ཟླ་༧པ་ནས་དངོས་སུ་ལག་བསྟར་བྱས་འདུག་པའི་ནང་། རྒྱལ་ཁབ་གྱི་བདེ་འཇགས་སྲུང་སྐྱོབ་ཆེད་དུ་གསང་མྱུལ་གྱི་བྱ་སྤྱོད་ལ་དོགས་ཟོན་དང་། བཀག་འགོག ཆད་གཅོད་བཅས་བྱེད་རྒྱུ་ཡིན་པ་བསྒྲགས་འདུག་ལ། དེའི་ལེའུ་དང་པོའི་དོན་ཚན་བཞི་པའི་ནང་གསེས་གསུམ་པའི་ནང་། ཕྱི་རྒྱལ་གྱི་ལས་ཁུངས་དང་། རྩ་འཛུགས། མི་སྒེར་བཅས་ཀྱིས་ངན་འབྲེལ་གྱིས་གསང་མྱུལ་གྱི་བྱ་སྤྱོད་སྤེལ་ཏེ། རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་བྱས་པ་དང་། མི་གཞན་ལ་ངན་སྐུལ་དང་རོགས་དངུལ་སྤྲད་དེ་གསང་མྱུལ་གྱི་བྱ་སྤྱོད་སྤེལ་བ་ཡིན་ན། ཁྲིམས་ལྟར་ཆད་པ་གཅོད་རྒྱུ་ཡིན་པ་བསྒྲགས་འདུག
དེའི་ཐད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་བོད་གནས་ཉམས་ཞིབ་པ་བསྟན་འཛིན་ཕན་ཐོགས་ལགས་ཀྱིས། ཁྲིམས་ཡིག་དེ་ཐོག་མར་ལག་བསྟར་བྱེད་པའི་སྐབས། ཞི་ཅིན་ཕིན་གྱིས་སྣེ་ཁྲིད་པའི་རྒྱ་ནག་དམར་ཤོག་གཞུང་གིས་བོད་ནང་དུ་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་བྱེད་ཤུགས་ཇེ་ཆེར་བཏང་བའི་དུས་ཚིགས་ཤིག་ཀྱང་ཡིན་པ་དང་། ད་བར་རྒྱལ་ཁབ་བདེ་འཇགས་ཁྲིམས་ཡིག་ཟེར་བའི་མིང་ཐོག་ནས་བོད་མི་མང་པོ་གང་བྱུང་འཛིན་བཟུང་བྱས་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཁྲིམས་དོན་ཉམས་ཞིབ་པ་ཕུར་བུ་སྒྲོལ་མ་ལགས་ཀྱིས། བཅའ་ཁྲིམས་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་ནུས་ཤུགས་སྲ་བརྟན་གཏོང་ཐབས་ཤིག་ཡིན་པ་མ་ཟད། དམར་ཤོག་གི་ཁེ་ཕན་གཙོ་བོ་དམིགས་ཡོད་པ་འགྲེལ་བརྗོད་གནང་བྱུང་།
དེ་ཡང་༢༠༢༠ལོར་མདོ་ཁམས་འབྲི་རུ་རྫོང་ནས་ཡིན་པའི་བསྟན་འཛིན་ཐར་པ་ལགས་དང་། ཁོང་གི་སྤུན་མཆེད་ལྷ་མོ་ལགས་རྣམ་གཉིས་ཀྱིས་རྒྱ་གར་ལ་དངུལ་བཏང་བའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ། ལྷ་མོ་ལགས་ལ་བཙོན་ཁང་དུ་རྡུང་རྡེག་ཚབས་ཆེན་བཏང་བའི་རྐྱེན་གྱིས་འདས་གྲོངས་སུ་གྱུར་ཡོད་པ་དང་། ཡང་སྔར་ལོར་མགོ་ལོག་གསེར་རྟ་ནས་ཡིན་པའི་རྩོམ་པ་པོ་གངས་སྐྱེས་སྒྲུབ་པ་སྐྱབས་ལགས་དང་། གངས་བུ་གཡུ་བྷུམ། བསམ་འགྲུབ་སྲས་རྣམ་། གངས་ཚེ་རིང་སྒྲོལ་མ་བཅས་མི་ལྔ་དང་། བྲག་མགོ་ནས་ཡིན་པའི་པདྨ་རིན་ཆེན་བཅས་ཁྱོན་བོད་མི་དྲུག་ལ་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཏང་བའི་ཉེས་མིང་འོག་ལོ་༤ ནས་༡༤ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
སྤྱིར་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཟེར་བས། སྤྱི་ལོ་༢༠༡༤ལོའི་ལོ་མཇག་ཏུ་གསང་མྱུལ་ལ་ངོ་རྒོལ་གྱི་བཅའ་ཁྲིམས་ཟེར་བ་དེ་ཐོག་མ་གཏན་འབེབས་བྱས་འདུག དེ་ནི་ཞི་ཅིན་ཕིན་གྱིས་སྲིད་འཛིན་ལས་ཡུན་དང་པོའི་སྐབས་སུ་ཡིན་ཞིང་། དེ་ནས་༢༠༢༣ ལོའི་སྤྱི་ཟླ་༤པའི་ཚེས་༢༦ཉིན་གསང་མྱུལ་ལ་ངོ་རྒོལ་གྱི་བཅའ་ཁྲིམས་ཟེར་བ་དེ་ཐོག་མ་བསྐྱར་བཅོས་བྱས་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཁྲིམས་དོན་ཉམས་ཞིབ་པ་ཕུར་བུ་སྒྲོལ་མ་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་སྨྲ་བརྗོད་རང་དབང་དང་འབྲེལ་བའི་ཁྲིམས་ཡིག་དེ་དག་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཡོངས་སུ་འགལ་ཡོད། དཔེར་ན། བོད་ནང་བོད་མི་ཞིག་གིས། སྐད་ཡིག་གི་རང་དབང་མེད་པའི་སྐོར་ཕྱི་རྒྱལ་ཏུ་འགྲེལ་བརྗོད་བྱས་པ་ཡིན་ན། ཁ་བྲལ་བ་སོགས་ཀྱི་ཉེས་མིང་འོག་འཛིན་བཟུང་བྱེད་ཀྱི་ཡོད་པ་མ་ཟད། ཁྲིམས་ཡིག་ཁག་ཅིག་ནི་གོ་གཉིས་ཆོད་ཡིན་པ་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་ཆ་ནས་རྒྱ་ནག་གཞུང་གི་རྩ་ཁྲིམས་ནང་གྲངས་ཉུང་མི་རིགས་ཚོར་སོ་སོའི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བྱེད་རྒྱུའི་ཐོབ་ཐང་ཡོད་པ་བརྗོད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་བོད་མིའི་སྐད་ཡིག་སྲུང་སྐྱོབ་པ་དང་། ཁོར་ཡུག་ལས་འགུལ་བ་སོགས་འཛིན་བཟུང་བཙན་ཁྲིད་བྱེད་བཞིན་པ་རེད། དཔེར་ན། བོད་མིའི་སྐད་ཡིག་སྲུང་སྐྱོབ་ལས་འགུལ་བ་བཀྲིས་དབང་ཕྱུག་ལགས་སུ་དེ་སྔ་མི་ལོ་༥ཡི་བཙོན་འཇུག་ཁྲིམས་ཐག་བཅད་དེ་གློད་གྲོལ་བྱུང་ཡོད་ཀྱང་ད་དུང་མུ་མཐུད་དུ་དོ་དམ་ལྟ་རྟོགས་འོག་ཡོད་པ་དང་། ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་ཨ་ཉག་སེང་སྒྲ་ལགས་ལོ་ངོ་༧གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ད་དུང་མུ་མཐུད་བཙོན་འཇུག་ཉེས་ཆད་ཁུར་མུས་ཡིན་པ་རེད།
ད་རེས་རྒྱ་ནག་གཞུང་གིས་གསང་མྱུལ་ལ་འགོག་རྒོལ་ཟེར་བའི་བཅའ་ཁྲིམས་དེའི་ནང་གསར་དུ་བཟོ་བཅོས་བརྒྱབ་པའི་གནད་དོན་ཞིག་ནི། རྒྱལ་ཁབ་ཀྱི་ལས་ཁུངས་དང་། གསང་དོན་དང་འབྲེལ་བ་ཡོད་པའི་སྡེ་ཚན་སོགས་ལ་དམིགས་ཏེ། དྲ་རྒྱའི་ཐོག་ནས་ཚུར་རྒོལ་བྱེད་པ་སོགས་ཀྱི་བྱ་སྤྱོད་རྣམས་ནི་གསང་མྱུལ་གྱི་བྱ་སྤྱོད་ཡིན་པ་ངོས་འཛིན་བྱས་འདུག
བོད་ཀྱི་བྱུས་ཉམས་ཞིབ་ཁང་གི་བོད་གནས་ཉམས་ཞིབ་པ་ཕན་ཐོགས་ལགས་ཀྱིས། ད་ལྟའི་རྒྱ་ནག་གཞུང་གི་ཁྲིམས་གསར་པ་མང་པོ་ཞིག་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་དེའི་དམིགས་ཡུལ་གཙོ་བོ་ཞིག་ནི་། རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱ་ནག་དེ་བཞིན་ཁྲིམས་ཀྱིས་དབང་བསྒྱུར་ཡིན་པ་འཁྲབ་སྟོན་བྱེད་རྒྱུ་ཡིན་པ་མ་ཟད། དྲ་རྒྱའི་ཁྲིམས་དེ་ལག་བསྟར་བྱས་ནས་བཟུང་བོད་ཕྱི་ནང་གཉིས་དབར་གྱི་འབྲེལ་ལམ་ཐད་དམ་དྲག་ཇེ་ཆེར་བཏང་ཡོད་པ་འགྲེལ་བརྗོད་གནང་བྱུང་།
ཡང་རྒྱ་ནག་གཞུང་གི་གསང་མྱུལ་ལ་ངོ་རྒོལ་གྱི་བཅའ་ཁྲིམས་ཟེར་བ་དེའི་ལེའུ་དང་པོའི་དོན་ཚན་གཉིས་པའི་ནང་། གསང་མྱུལ་ལ་འགོག་རྒོལ་བྱེད་པའི་ལས་དོན་སྤེལ་སྐབས། རྒྱ་ནག་དབུས་གཞུང་གི་གཅིག་གྱུར་འགོ་ཁྲིད་རྒྱུན་འཁྱོངས་བྱེད་དགོས་ཚུལ་དང་། ཡོངས་བསྒྲགས་ལས་དོན་དང་གསང་བའི་ལས་དོན་ཕན་ཚུན་ཟུང་འབྲེལ་བྱེད་དགོས་པ་སོགས་འཁོད་འདུག
གཞན་ཡང་རྒྱ་ནག་གཞུང་གིས་གསང་མྱུལ་ལ་ངོ་རྒོལ་གྱི་བཅའ་ཁྲིམས་ཟེར་བ་དེ་ཁ་སྔོན་དངོས་སུ་ལག་བསྟར་མ་བྱས་གོང་། ཆབ་མདོ་དང་ལྷ་ས། གཞི་ཀ་རྩེ་སོགས་བོད་ཀྱི་གྲོང་ཁྱེར་ཆེ་ཁག་ནང་ཁྱབ་བསྒྲགས་བྱས་འདུག དཔེར་ན། སྟོད་ལུང་བདེ་ཆེན་རྫོང་ཁུལ་དུ་ཁྲིམས་ཡིག་དེ་དང་འབྲེལ་བའི་དྲིལ་བསྒྲགས་ཡིག་ཆ་༦༠༠༠ལྷག་ཙམ་སྤྲད་པ་དང་། སློབ་གསོ་ཐོབ་པའི་མི་གྲངས་༥༠༠༠ལྷག་ཟིན་ཡོད་པ་རྒྱ་ནག་གཞུང་གིས་ཕྱིར་བསྒྲགས་བྱས་འདུག
གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།