རྒྱ་ནག་གཞུང་གིས་བོད་ཕྲུག་ཚོར་དམར་ཤོག་གི་ལྟ་གྲུབ་བསླབ་ནས་བསམ་བློ་བསྒྱུར་བཅོས་གཏོང་བཞིན་ཡོད་འདུག

བོད་ནང་གི་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བོད་པའི་ཕྲུ་གུ་ཚོར་ཆུང་དུས་ནས་རྒྱ་ནག་དམར་ཤོག་གི་ལྟ་གྲུབ་བསླབ་ནས་མུ་མཐུད་དུ་བསམ་བློ་བསྒྱུར་བཅོས་གཏོང་བཞིན་པར་བློ་འཚབ་ཡོད་པའི་གནས་ཚུལ་སྤེལ་འདུག

སློབ་ཕྲུག་ཚོའི་བར་རྒྱ་ནག་དམར་ཤོག་གི་ལྟ་གྲུབ་ཐད་གཏམ་བཤད་འགྲན་བསྡུར་བྱེད་བཅུག་པ། རྒྱ་ནག་གཞུང་འབྲེལ་དྲྭ་ལམ།

དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འདི་ཚེས་༣༠ཉིན་གནས་ཚུལ་རིང་པོ་ཞིག་སྤེལ་ནས། རྒྱ་ནག་གཞུང་འབྲེལ་གྱིས་གསར་འགྱུར་སྤེལ་བ་ཁག་ལུང་འདྲེན་བྱས་ཏེ། བོད་ནང་གི་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་བོད་པའི་ཕྲུ་གུ་ཚོར་ཆུང་དུས་ནས་བསམ་བློ་བཅོས་བསྒྱུར་གཏོང་རྒྱུའི་ཐབས་ཤེས་བྱེད་མུས་ཡིན་པ་དང་། རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་གྲུབ་དང་དམར་པོའི་འདུ་ཤེས་ལ་མི་འདོད་བཞིན་དུ་དང་ལེན་ཡོང་ཐབས་བྱེད་བཞིན་པ་རྒྱ་ནག་གི་གསར་ལམ་ཁག་ནས་གསལ་བོར་མཐོང་བ་དང་། རྒྱ་ནག་གཞུང་གིས་མུ་མཐུད་དུ་བོད་ཕྲུག་ཚོར་ཆུང་དུས་ནས་བྱིས་གཉོར་ཁང་སོགས་སུ་རྒྱ་ནག་དམར་ཤོག་གུང་ཁྲན་ཚོགས་པའི་ལྟ་གྲུབ་དང་འདུ་ཤེས་སེམས་སུ་འཇགས་ཐབས་བྱེད་བཞིན་པ་དང་། གནད་དོན་དེར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པས་དེ་སྔོན་ཡང་དོགས་འདྲི་བློ་འཚབ་གནང་ཡོད་པ་ལྟར། རྒྱ་ནག་གི་བྱེད་སྟངས་དེ་ནི་བོད་མི་རིགས་རྩ་མེད་བཟོ་རྒྱུའི་གནས་སྟངས་ཆགས་ཡོད་པ་མ་ཟད། རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་སྒྲིག་དང་རྒྱབ་འགལ་ཆགས་པ་བརྗོད་ནས་གནས་སྟངས་དེའི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བློ་འཚབ་གནང་གི་ཡོད་པ་བརྗོད་འདུག
དེ་བཞིན་གོང་ཞུས་གནས་ཚུལ་ནང་། ལྷག་པར་དུ་ཟླ་བ་འདིའི་ནང་གནད་དོན་ཚབས་ཆེན་ཡིན་ཞིང་། རྒྱ་ནག་གི་གསར་འགྱུར་ནང་། ཕྱི་ཟླ་༥པའི་ཚེས་༩ཉིན་ལྷ་སའི་དགོང་དྲོའི་ཚགས་པར་ནང་། བོད་རིགས་སློབ་འབྲིང་གི་སློབ་མ་༢༠༠རྩ་འཛུགས་ཀྱིས་ལྷ་སའི་ནང་ཡོད་པའི་བོད་མི་ཞིང་བྲན་ཁྲི་བརྒྱ་བཅིངས་འགྲོལ་བཏང་བ་ཟེར་བའི་འགྲེམས་སྟོན་ཁང་དུ་ལྟ་སྐོར་བྱེད་དུ་བཅུག་ནས་རྒྱ་ནག་གི་ཆབ་སྲིད་དྲིལ་སྒྲོག་གོ་སྐོན་བྱེད་པ་དང་། འཐབ་ཕྱོགས་གཅིག་གྱུར་ཁང་གི་གོ་སྒྲིག་འོག་སློབ་ཕྲུག་ཚོའི་བར་རྒྱ་ནག་དམར་ཤོག་གི་ལྟ་གྲུབ་ཐད་གཏམ་བཤད་འགྲན་བསྡུར་བྱེད་བཅུག་པ་སོགས་གནས་ཚུལ་མང་པོ་ལུང་འདྲེན་བྱས་ཏེ། རྒྱ་ནག་གཞུང་གིས་བོད་ཕྲུག་ཚོར་དམར་པོའི་བསམ་བློའི་སློབ་གསོ་སྤྲོད་བཞིན་པ་དང་། བོད་ཕྲུག་ཚོར་བཙན་ཤེད་ཀྱིས་དམར་ཤོག་གི་བསམ་བློ་འདུ་ཤེས་སྤྲད་པ་དེ་ནི་ངོས་ལེན་མི་ཐུབ་པ་དང་། ཤེས་ཡོན་སློབ་གསོ་སྤྲོད་སྟངས་དེ་འདྲ་མ་ཡིན་པར། དེ་ནི་བོད་ཕྲུག་ཚོ་ལོ་ཆུང་དུས་ནས་བཙན་གྱིས་དམར་པོའི་གཞུང་གི་འདུ་ཤེས་སྤྲད་དེ་བོད་མི་རིགས་ཀྱི་རིག་གཞུང་གོམས་གཤིས་མེད་པར་གཏོང་བའི་བྱ་སྤྱོད་བློ་འཚབ་སྐྱེས་གཞིར་ཆགས་ཡོད་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་ལགས་ཀྱིས་གསུངས་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་ཐོབ་ཐང་གི་ཚོགས་ཆུང་གིས་འདི་ལོའི་ཕྱི་ཟླ་༣པའི་ནང་། བོད་ནང་རྒྱ་ནག་གིས་བཙུགས་པའི་གཏན་འཇགས་སློབ་གྲྭ་ཁག་མེད་པ་བཟོ་དགོས་སྐོར་གསུངས་ཡོད་པ་དང་། ཡང་ཕྱི་ཟླ་༢པའི་ནང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པས་བོད་ཕྲུག་ས་ཡ་གཅིག་ལྷག་ཙམ་རྒྱ་ནག་གི་གཏན་འཇགས་སློབ་གྲྭ་ཁག་ནང་ཕ་མ་དང་ཁ་ཐག་རིང་བར་སློབ་འཇུག་བྱས་ཡོད་པ་དང་། དམར་ཤོག་གི་ལྟ་གྲུབ་གཞི་བཅོལ་བའི་རྒྱ་བསྒྱུར་སློབ་གསོ་སྤྲོད་བཞིན་དེའི་རྗེས་འབྲས་བོད་ལ་ཉེན་ཁ་ཚབས་ཆེན་ཡོང་རྒྱུ་ཡིན་པའི་སྔོན་བརྡ་བཏང་གནང་ཡོད་པ་རེད།


གསར་འགོད་པ། ལྕགས་མོ་འཚོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org