རྒྱ་ནག་གཞུང་གིས་བོད་ནང་གཞི་རིམ་མང་ཚོགས་ཁྲོད་རྒྱ་བསྒྱུར་སློབ་གསོའི་བསམ་བློ་ཁྱབ་སྤེལ་གཏོང་གི་འདུག

རྒྱ་ནག་གཞུང་གིས་རྒྱ་བསྒྱུར་སློབ་གསོ་དང་འབྲེལ་ནས་གཞི་རིམ་མང་ཚོགས་ཁྲོད་བསམ་བློ་བསྒྱུར་བཀོད་ཀྱི་ཚོགས་འདུ་འདྲ་མིན་འཚོགས་བཞིན་ཡོད་འདུག

རྒྱ་ནག་གིས་བོད་ནང་རྒྱ་བསྒྱུར་སློབ་གསོ་དང་འབྲེལ་བའི་ཟུར་ཟའི་རི་མོ། RFA

རྒྱ་ནག་གཞུང་གིས་སྔ་ལོ་ནས་བཟུང་བོད་ནང་གི་མཚོ་སྔོན་དང་སི་ཁྲོན་ཕྱོགས་སུ་ཕྱོགས་ཡོངས་ནས་སློབ་གྲྭ་ཁག་ཏུ་རྒྱ་བསྒྱུར་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་བཞིན། བོད་ནང་གི་ས་ཁུལ་མང་པོར་རྒྱ་ནག་གཞུང་གིས་རྒྱ་བསྒྱུར་སློབ་གསོའི་བསམ་བློ་ཁྱབ་སྤེལ་དང་འབྲེལ་བའི་ཚོགས་འདུ་འདྲ་མིན་སྐོང་བཞིན་པ་རེད། དཔེར་ན། ཟླ་འདིའི་ཕྱི་ཚེས་༩ཉིན་མགོ་ལོག་ཁུལ་ཐོག་ནས་སློབ་ཕྲུག་ཁག་ཅིག་གི་ཕ་མ་ཚོགས་འདུ་བསྡུས་ཏེ། ཚོགས་ཐོག་ཏུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོའི་གསོ་སྦྱོང་ཟེར་བ་ཞིག་བཤད་ནས། ཕ་མ་དང་བུ་ཕྲུག་གིས་གུང་ཁྲན་ཏང་ལ་དགའ་ཞེན་དང་། བསམ་བློ་བཅོས་བསྒྱུར་གྱིས་རྒྱ་ཡིག་རྒྱ་སྐད་གཙོ་འདོན་དང་། ཕ་མས་བུ་ཕྲུག་ལ་འགན་འཁུར་ནས་ཁྱིམ་ཚང་ཡོངས་ནས་རྒྱ་ཡིག་གམ་སྤྱི་སྐད་བེད་སྤྱོད་གཏོང་རྒྱུར་འབད་བརྩོན་བྱེད་དགོས་པ་སོགས། གཞི་རིམ་མང་ཚོགས་ཁྲོད་དུ་ཡང་རྒྱ་བསྒྱུར་སློབ་གསོའི་བསམ་བློ་བསྒྱུར་བཀོད་ཁྱབ་སྤེལ་གཏོང་གི་ཡོད་པ་བཙན་བྱོལ་ནང་གནས་སྡོད་འབྲེལ་ཡོད་བོད་མི་གཉིས་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཁོང་གིས་མུ་མཐུད་དུ་བརྗོད་དོན་ལྟར་ན། ཚོགས་འདུ་དེ་ལྟ་བུ་རིམ་པ་བཞིན་འཚོགས་བཞིན་ཡོད་ན་ཡང་། འདི་ལོའི་ལོ་མགོ་ནས་བཟུང་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་རྫོང་ཁག་གི་ནང་དུ། མི་མང་རང་བཞིན་གྱི་ཚོགས་འདུ་འདྲ་མིན་སྐོང་འཚོགས་བྱས་ཏེ། རྒྱ་བསྒྱུར་སློབ་གསོ་དེ་བཞིན་སློབ་གྲྭ་དང་དགོན་པ་ཁག་གཅིག་པུ་ཙམ་མ་ཡིན་པར། གཞི་རིམ་མང་ཚོགས་ནས་ངོས་ལེན་དང་ཕ་མ་ཚོས་སློབ་ཕྲུག་ཚོར་རྒྱ་ཡིག་སློབ་ཁྲིད་ཀྱི་གལ་གནད་སློབ་གསོ་དང་། རྒྱ་ནག་ལ་དགའ་ཞེན་དགོས་པའི་སློབ་གསོ་ཁྲིད་སྟོན་དགོས་སྐོར་བཤད་བཞིན་ཡོད་པ་མ་ཟད། ཚོགས་འདུ་ལ་ངེས་པར་དུ་བཅར་དགོས་པ་དང་། ཚོགས་འདུར་མ་བཅར་བ་ཡིན་ན་རོགས་སྐྱོར་རྣམ་གྲངས་ཟེར་བ་ཁག་མེད་པ་གཏོང་རྒྱུ་ཡིན་པ་སོགས་ཀྱི་འཇིགས་སྣང་སྐུལ་བཞིན་ཡོད་འདུག


ད་དུང་རྒྱ་ནག་གཞུང་གིས་ཉེ་ལམ་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་གྱི་རྫོང་ཁག་གི་གཞུང་གཉེར་སློབ་གྲྭ་ཚང་མའི་ནང་། བོད་ཡིག་གི་སློབ་ཚན་གཅིག་པུ་ལས་གཞན་པའི་རྩིས་དངོས་རྫས་གསུམ་དང་མཛེས་རྩལ། ཨང་རྩིས་སོགས་སློབ་ཚན་ཚང་མ་རྒྱ་ཡིག་ནང་བསྒྱུར་བཞིན་ཡོད་པ་དང་། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གི་ཆབ་སྲིད་བསམ་བློ་ཟེར་བ་སློབ་གྲྭ་ཁག་ནང་སློབ་ཁྲིད་བྱས་ནས། ད་ལྟའི་ཆར་རྒྱ་ནག་གཞུང་གིས་རྒྱ་བསྒྱུར་སློབ་གསོ་དེ་ས་ཁུལ་མང་པོའི་ནང་སྤེལ་བཞིན་ཡོད་པར། བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། རྒྱ་ནག་གཞུང་གིས་རྒྱ་བསྒྱུར་སློབ་གསོ་བརྒྱུད་ས་གནས་བོད་མིའི་བསམ་བློ་བསྒྱུར་བཀོད་གཏོང་ཐབས་བྱེད་བཞིན་པའི་གནས་ཚུལ་དེ། ད་ལྟའི་ཆར་མཚོ་སྔོན་མགོ་ལོག་དང་མཚོ་ལྷོ། ཟི་ཁྲོན་གྱི་རྔ་བ་དང་བོད་ལྗོངས་ཀྱི་ནག་ཆུ་ས་ཁུལ་གྱི་ཉི་མ་རྫོང་སོགས་སུ་ལག་བསྟར་བྱེད་མུས་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།
ཡང་རྒྱ་ནག་གཞུང་གིས་མི་མང་ལ་འཚོ་བའི་ཁ་གསབ་དང་ས་ཐོ་ཁྱིམ་ཐོ་ཟེར་བ་སོགས་ཀྱི་སྐོར་ནས་ཚོགས་འདུ་ཡོད་སྐོར་བརྗོད་ནས། ཞོར་དུ་རྒྱ་བསྒྱུར་སློབ་གསོ་དང་ལེན་དང་བསམ་བློར་བསྒྱུར་བཀོད་གཏོང་ཐབས་ཀྱི་གཏམ་བཤད་འདྲ་མིན་བྱེད་བཞིན་པ་དང་། ཚོགས་འདི་དེ་རིགས་ཕལ་ཆེར་བདུན་ཕྲག་གཅིག་རེའི་ནང་ཐེངས་རེར་ཡོད་པ་དང་། ཚོགས་འདུ་མང་ཆེ་བའི་ནང་དོན་གཙོ་བོ་སྲིད་གཞུང་གི་ཁ་ལ་ཉན་ནས་ཚང་མས་རྒྱ་སྐད་ལ་འབད་བརྩོན་དང་། སྲིད་གཞུང་གི་བཀའ་དྲིན་དྲན་དགོས་པ་སོགས་ཡིན་སྐོར་བཞུགས་སྒར་དུ་གནས་སྡོད་འབྲེལ་ཡོད་མིང་བརྗོད་འདོད་མེད་མཁན་ཞིག་ནས་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་སྔ་ལོ་ནས་བཟུང་རྒྱ་བསྒྱུར་སློབ་གསོ་ལག་བསྟར་དང་འབྲེལ་ནས། རྒྱ་བསྒྱུར་སློབ་གསོར་ངོས་ལེན་མི་བྱེད་མཁན་མཚོ་སྔོན་ཕྱོགས་ནས་སྔ་ཕྱིར་བོད་མི་གཞོན་སྐྱེས་མགུལ་གྲགས་དང་དབྱངས་རིས་གཉིས་འཛིན་བཟུང་དང་། དེ་བཞིན་འདི་ལོའི་ཕྱི་ཟླ་༡ནང་བློ་བརྟན་ལགས་ནས་རྒྱ་བསྒྱུར་སློབ་གསོར་ངོ་རྒོལ་བྱས་སྐོར་བརྗོད་ནས་འཛིན་བཟུང་གིས་སློབ་གསོ་བསྒྱུར་བཀོད་ཁང་དུ་བཙན་ཁྲིད་བྱས་པ་སོགས་ཀྱི་གནས་ཚུལ་རིམ་པར་བྱུང་ཡོད་པ་རེད་ལ། སྤྱིར་རྒྱ་ནག་གཞུང་གིས་མི་མང་གཞུང་ཁང་ཟེར་བ་ཆེད་འཛུགས་ཀྱིས་ལི་ཐང་དང་ཉག་ཆུ་སོགས་སུ་མི་མང་ལ་རྒྱུན་ལྡན་ལྟར་ཚོགས་འདུ་འདྲ་མིན་འཚོགས་བཞིན་ཡོད་འདུག

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org