རྒྱ་ནག་གཞུང་གིས་ཚོར་རྣོ་ཅན་དུ་བརྩི་བཞིན་པའི་སྤྱི་ཟླ་གསུམ་པའི་ནང་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་དམ་དྲག་ཆེན་པོ་བྱས་འདུག

དམིགས་བསལ་སྤྱི་ཟླ་༣པའི་ཚེས་༡༤ཉིན་རྒྱལ་ས་ལྷ་སའི་ནང་དགོན་སྡེ་ཁག་དང་ཁྲོམ་ལམ་ཁག་ཏུ་བརྟན་ལྷིང་ལས་དོན་གྱི་བརྟག་དཔྱད་ཞིབ་བཤེར་ཟེར་བའི་མིང་ཐོག་ནས་ལག་འཁྱེར་ཞིབ་བཤེར་དང་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་འདུག

ཟླ་༣ཚེས་༡༤ཉིན་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པ་ཟེར་བའི་རྒྱུན་ལས་དང་ལྷ་ས་གྲོང་ཁྱེར་དམར་ཤོག་ཚོགས་པ་ཟེར་བའི་དྲུང་ཆེ་ཤའོ་ཡིའུ་ཚའེ་ཆེད་མངགས་འབྲས་སྤུངས་དགོན་དུ་བསྐྱོད་སྐབས། ༠༣།༡༤།༢༠༢༤ Chinese State Media

དམིགས་བསལ་སྤྱི་ཟླ་༣པའི་ཚེས་༡༤ཉིན་རྒྱལ་ས་ལྷ་སའི་ནང་དགོན་སྡེ་ཁག་དང་ཁྲོམ་ལམ་ཁག་ཏུ་བརྟན་ལྷིང་ལས་དོན་གྱི་བརྟག་དཔྱད་ཞིབ་བཤེར་ཟེར་བའི་མིང་ཐོག་ནས་ལག་འཁྱེར་ཞིབ་བཤེར་དང་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་འདུག
རང་ཉིད་ཀྱི་བདེ་འཇགས་ཆེད་མིང་འབོད་མ་བྱས་པའི་བོད་ནང་གི་བོད་མི་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ཟླ་༣ཚེས་༡༤ཉིན་བོད་ཀྱི་རྒྱལ་ས་ལྷ་སའི་ཉེན་རྟོག་ཞིབ་བཤེར་ས་ཚིགས་ཁག་དང་ཕྱོགས་མཐའ་ཁག་ནས་ལྷ་སར་སྐྱོད་སའི་གཞུང་ལམ་ཁག་གི་ཐོག་ཉེན་རྟོག་པས་ཕར་འགྲོ་ཚུང་འོང་བྱེད་མཁན་ཁྲོད་ལག་འཁྱེར་ཞིབ་བཤེར་དང་འདྲི་རྩད་དང་། དེང་དུས་ཀྱི་པར་ཆས་སོགས་འཕྲུལ་ཆས་ཀྱིས་ཆུ་ཚོད་༢༤རིང་སོ་ལྟ་བྱས་པ་སོགས་རྣམ་ཀུན་ལས་དམ་དྲག་ཤུགས་ཆེ་བ་བྱེད་བཞིན་ཡོད་པ་བརྗོད་བྱུང་། དེ་ནི་ཕྱི་ལོ་༢༠༠༨ལོའི་ཟླ་༣ཚེས་༡༤ཉིན་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ཀྱི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་བྱས་ཤིང་། རྒྱ་ནག་གཞུང་ཕྱོགས་ཀྱིས་མཚོན་ཆ་བེད་སྤྱོད་བྱས་ཏེ་དྲག་གནོན་བྱས་སྐབས་བོད་མི་མང་པོ་རྐྱེན་ལམ་དུ་བཏང་བའི་ས་བྱི་ཞི་རྒོལ་ཆེན་མོ་ཞེས་ཡོངས་གྲགས་སུ་འབོད་པ་དེ་བྱུང་བའི་ཉིན་མོ་དེ་ཡིན་པ་རེད།

- པར། རྒྱ་ནག་གཞུང་འབྲེལ།

ཟླ་༣ཚེས་༡༤ཉིན་བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པ་ཟེར་བའི་རྒྱུན་ལས་དང་ལྷ་ས་གྲོང་ཁྱེར་དམར་ཤོག་དྲུང་ཆེ་ཤའོ་ཡིའུ་ཚའེ་ཆེད་མངགས་འབྲས་སྤུངས་དགོན་དུ་བསྐྱོད་ནས་བརྟན་ལྷིང་དགོས་པ་ནན་བརྗོད་བྱས་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱིས་གནས་ཚུལ་སྤེལ་འདུག
༡༩༥༩ལོའི་རྗེས་སུ་བོད་ཀྱི་རྒྱལ་ས་ལྷ་སའི་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཆེ་ཆུང་མི་འདྲ་བ་མང་པོ་ཞིག་བྱུང་ཡོད་ཁོངས་ནས་ངོ་རྒོལ་ལས་འགུལ་ཆེ་ཁག་མང་ཆེ་བ་འབྲས་སྤུངས་དགོན་པའི་དགེ་འདུན་པས་སྣེ་ཁྲིད་གནང་ཡོད་ཅིང་། ཕྱི་ཟླ་༣ཚེས་༡༤ཉིན་ལྷ་ས་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཤའོ་ཡིའུ་ཚའེ་ཆེད་མངགས་འབྲས་སྤུངས་ལ་བསྐྱོད་དོན་ནི། དགེ་འདུན་པར་དྲག་གནོན་ཆེད་དུ་ཡིན་པ་བོད་ནང་གི་བོད་མི་ཁག་ཅིག་གིས་ཡིད་ཆེས་བྱེད་བཞིན་འདུག ད་རེས་ཁོ་པ་འབྲས་སྤུངས་དགོན་དུ་འབྱོར་སྐབས་ད་དུང་འབྲས་སྤུངས་དགོན་དུ་རྒྱུན་དུ་དྲག་གནོན་སོ་ལྟ་བྱས་ནས་ཡོད་པའི་བཅའ་སྡོད་ལས་དོན་རུ་ཁག་དང་སྤྱི་བདེ་ཉེན་རྟོག་རུ་ཁག མེ་གསོད་རུ་ཁག་སོགས་ཀྱི་མི་སྣར་འཚམས་འདྲི་བྱས་ཡོད་འདུག་ལ། ཆོས་ལུགས་རྒྱ་ནག་ཅན་དུ་སྒྱུར་རྒྱུའི་ཁ་ཕྱོགས་རྒྱུན་འཁྱོངས་དང་ཆོས་ཕྱོགས་ཀྱི་ལས་དོན་ཁག་ཁྲིམས་ལུགས་ལྟར་དོ་དམ་དགོས་པ། བོད་འདི་གནའ་སྔ་མོ་ནས་རྒྱ་ནག་གི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཡིན་སྐོར་དྲིལ་བསྒྲགས་དགོས་པ་སོགས་ནན་བརྗོད་བྱས་འདུག


གསར་འགོད་པ། སྐལ་ལྡན་བློ་གྲོས།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org