འཛམ་གླིང་ནང་རྭའི་ཁུ་ལུ་སྤུས་ཀ་ལེགས་ཤོས།

སྟོད་མངའ་རིས་རུ་ཐོག་ཁུལ་ནས་ཐོན་པའི་རྭའི་ཁུ་ལུ་ལས་བསྣོན་བྱེད་བའི་དེང་དུས་ཀྱི་འཕྲུལ་རིགས་ཆ་རྐྱེན་ཡར་རྒྱས་ཐད་རོགས་རམ་དགོས།

༄༅༎བོད་ཀྱི་སྟོད་མངའ་རིས་རུ་ཐོག་ཁུལ་ནས་ཐོན་པའི་རྭའི་ཁུ་ལུ་ནི་འཛམ་གླིང་ནང་ནས་ཁུ་ལུ་སྤུས་ཀ་ལེགས་ཤོས་གྲས་ཡིན་ནའང༌། དེ་དག་ལས་བསྣོན་བྱེད་བའི་དེང་དུས་ཀྱི་འཕྲུལ་རིགས་ཆ་རྐྱེན་ཡར་རྒྱས་ཐད་རྒྱབ་སྐྱོར་རོགས་རམ་དགོས་ཀྱི་ཡོད་པའི་སྐོར་ རྒྱ་ནག་ཉིན་རེའི་གསར་ཤོག་ནང་གནས་ཚུལ་སྤེལ་བཞག།

བོད་རང་སྐྱོང་ལྗོངས་ཟེར་བའི་ཁྱབ་ཁོངས་སྟོད་མངའ་རིས་ རུ་ཐོག་ཁུལ་གྱི་བོད་པའི་མི་ཚང་ཚོས་ར་ལུག་འཚོས་ནས་འཚོ་བ་བསྐྱལ་གྱི་ཡོད་པ་ལྟར། ས་གནས་གཞུང་གིས་འབྲོག་པ་ཚོར་ར་ལུག་གསོ་འཕེལ་ཆེད་ཁ་གསབ་རོགས་དངུལ་སྤྲད་ཡོད་པ་དང༌།འབྲོག་པ་ཚོ་གཏན་སྡོད་གཞིས་ཆགས་ཐུབ་རྒྱུར་ཁང་པ་གསར་རྒྱག་གི་ལས་གཞིའི་ཐོག་ལའང་རོགས་རམ་བྱས་ཡོད་སྐོར་བུད་མེད་འབྲོག་པ་ཚེ་རིང་གིས་བརྗོད་འདུག།

༢༠༡༡ལོར་ རའི་ཁུ་ལུ་ཀི་ལོ་གཅིག་ལ་རྒྱ་མིའི་སྒོར་མོ་༣༠༠ཙམ་རག་གི་ཡོད་པ་དེ་ནི། སྔ་ལོའི་གོང་ཚད་ལས་བརྒྱ་ཆ་༢༥མཐོ་རུ་ཕྱིན་ཡོད་སྐོར་ རུ་ཐོག་རྫོང་གི་ཁུ་ལུ་ཐོན་སའི་ར་གསོ་འཕེལ་རྭ་བའི་དོ་དམ་པ་གྲུབ་ཐོབ་ཀྱིས་རྒྱ་ནག་ཉིན་རེའི་གསར་ཤོག་ལ་འགྲེལ་བརྗོད་བྱས་བཞག། རའི་ཁུ་ལུ་ནི་རིན་ཐང་ཆེ་བའི་ཐོན་སྐྱེད་ཅིག་ཡིན་སྟབས་དེར་ གསེར་སྙི་མོ་འམ། ཕ་ལམ་བལ་སྤུ་ཞེས་མིང་འབོད་སྲོལ་ཡོད་ནའང༌། སྟོང་མངའ་རིས་ རུ་ཐོག་ཁུལ་གྱི་འབྲོག་པ་དབུལ་ཕོངས་ཚོར་ད་བར་ལྟ་རྟོག་ཡག་པོ་བྱེད་མཁན་མེད་པའི་རྐྱེན་གྱིས་ཁོང་ཚོས་ ཁུ་ལུའི་ཚོང་ནས་ཁེ་སང་དེ་ཙམ་བཟོ་ཐུབ་ཀྱི་མེད་པ་རེད།

མངའ་རིས་ས་ཁུལ་གྱི་དྲིལ་བསྒྲགས་དང་གསར་ལས་ཁང་གི་འགན་འཛིན་གཞོན་པ་འཇམ་དབྱངས་ཚེ་རིང་གིས་ རུ་ཐོག་ཁུལ་ཐོན་པའི་རའི་ཁུ་ལུ་དེ་ ཁུ་ལུ་སྤུས་ཚད་ལེགས་ཤོས་གྲས་ཤིག་ཡིན་ནའང༌། དེ་དག་ལས་བསྣོན་བྱེད་བའི་དེང་དུས་འཕྲུལ་རིགས་མེད་པའི་རྐྱེན་གྱིས་ ནང་སོག་དང་ས་ཁུལ་གཞན་ཚོར་ ལས་བསྣོན་མ་བྱས་པའི་ཁུ་ལུ་མ་གཏོགས་ཚོང་སྒྱུར་བྱེད་ཐུབ་ཀྱི་མེད་སྐོར་བརྗོད་དེ་འབྱུང་འགྱུར་གྱི་་ལོ་བཅུའི་ནང་ང་ཚོས་སྤུས་ཀ་ལེགས་པའི་ཁུ་ལུའི་ཐོན་སྐྱེད་གོང་འཕེལ་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་འགྲེལ་བརྗོད་བྱས་འདུག། རུ་ཐོག་རྫོང་གིས་བཏོན་པའི་བསྡོམས་རྩིས་གསར་ཤོས་དེའི་ནང༌། ད་ལྟའི་ཆར་ རུ་ཐོག་ཁུལ་ཁུ་ལུ་ཐོན་སྐྱེད་བྱེད་མཁན་གྱི་རྭ་འབུམ་གསུམ་དང་བརྒྱད་སྟོང་ཡོད་པའི་ཁར། སྐྱེད་འཕེལ་ཆེད་གསོ་སྐྱོང་བྱས་པའི་ལུག་ཕོ་༨༥༠ཡོད་པ་དང༌། འདས་པའི་ལོ་ལྔའི་ནང་ཁུ་ལུ་ ཊོན་༧༢ཐོན་སྐྱེད་བྱས་ཡོད་པ་དེ་དངུལ་ལ་བསྒྱུར་ན་རྒྱ་མིའི་དངུལ་ལོར་ས་ཡ་༡༦ཙམ་ཟིན་གྱི་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org