རྒྱ་ནག་གཞུང་གི་དཔོན་རིགས་ཚོར་དཔལ་འབྱོར་གྱི་ཉེས་ཆད་གཅོད་དགོས་བའི་འབོད་སྐུལ།
ཁེ་ན་ཊ་གཞུང་གིས་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་དཔལ་འབྱོར་གྱི་ཉེས་ཆད་གཅོད་དགོས་བ་ཁེ་ཎ་ཊའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་སྲིད་བློན་མཆོག་ལ་འབོད་སྐུལ་གནང་འདུག
-
2020-06-25 -
-
-
ཁེ་ན་ཊ་གཞུང་གིས་རྒྱ་ནག་གཞུང་གི་དཔོན་རིགས་ཚོར་དཔལ་འབྱོར་གྱི་ཉེས་ཆད་གཅོད་དགོས་བ་ཁེ་ཎ་ཊའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་སྲིད་བློན་མཆོག་ལ་འབོད་སྐུལ་གནང་འདུག
ཁེ་ཎ་ཊའི་གྲོས་ཚོགས་གོང་མའི་འཐུས་མི་བཅུ་གྲངས་ཞིག་གིས། རྒྱ་ནག་གཞུང་གིས་བོད་ནང་ལོ་ངོ་བཅུ་ཕྲག་མང་པོའི་རིང་དྲག་གནོན་བྱེད་མུས་དང་། ཡུ་གུར་མི་རིགས་མང་པོ་ཟུར་བཀག་བྱེད་མུས་སོགས་འགྲོ་བ་མིའི་ཐོབ་ཐང་དང་གཞི་རྩའི་རང་དབང་ཐོབ་ཐང་ཁག་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་དཔེ་མཚོན་དྲངས་ཏེ་ཁེ་ཎ་ཊ་གཞུང་གིས་རྒྱ་ནག་གི་དཔོན་རིགས་ཚོར་དཔལ་འབྱོར་ཉེས་ཆད་བཀེལ་དགོས་བའི་འབོད་སྐུལ་གནང་འདུག
ཁེ་ཎ་ཊའི་གྲོས་ཚོགས་གོང་མའི་རྙིང་ཞེན་ཚོགས་པའི་འཐུས་མི་(Thann Hai Ngo)་ལགས་དང་། (Leo Housakos)་ལགས་གཙོས་བའི་གྲོས་ཚོགས་གོང་མའི་འཐུས་མི་གཞན་༡༡་ཙམ་གྱིས་མཚན་རྟགས་སྐྱོན་པའི་སྙན་ཞུ་ཞིག སྲིད་བློན་(Justin Trudeau)་ལགས་སུ་ཕུལ་བའི་ནང་། རྒྱ་ནག་གཞུང་གིས་ཡུ་གུར་ཁེ་ཆེའི་མི་རིགས་མང་པོ་འཛིན་བཟུང་བཀག་ཉར་བྱེད་བཞིན་པ་དང་། ཧོང་ཀོང་གི་རང་དབང་མང་གཙོའི་ལམ་ལུགས་ཐོག་དམ་བསྒྲགས་བྱེད་མུས་ཡིན་པ། ལོ་བཅུ་ཕྲག་མང་པོའི་རིང་བོད་ནང་གི་བོད་མིའི་ཐོག་དྲག་གནོན་བྱེད་མུས་ཡིན་པ། དེ་བཞིན་ཁེ་ཎ་ཊའི་མི་སེར་(Michael Spavor)་དང་། (Michael Kovrig)་གཉིས་བཙོན་འཇུག་བྱས་བ་སོགས་དཔེ་མཚོན་དྲངས་ནས། རྒྱ་ནག་གཞུང་དེ་ནི་འགྲོ་བ་མིའི་རིགས་དང་། རྒྱལ་སྤྱིའི་བདེ་འཇགས་སྲུང་སྐྱོབ་ལ་ཉེན་ཁ་ཚབས་ཆེ་བཟོ་མཁན་ཡིན་སྐོར་འགྲེལ་བརྗོད་གནང་སྟེ། ཁེ་ཎ་ཊ་གཞུང་རྒྱ་ནག་གི་ཁ་གཏད་དུ་ལངས་དགོས་པའི་འབོད་སྐུལ་གནང་བ་མ་ཟད། རྒྱ་ནག་གཞུང་གིས་སྡུག་རྩུབ་དྲག་གནོན་དང་བཙན་ཤེད་ཆེ་བའི་སྤྱོད་ཚུལ་ལ་ཁེ་ཎ ཊས་ཡ་ལན་སློག་དགོས་བ་དང་། ཐབས་ལམ་ལེགས་ཤོས་དེ་ནི་རྒྱ་ནག་དམར་པོའི་དཔོན་རིགས་ཚོའི་ཐོག་(Sergei Magnitsky)་ཁྲིམས་གཞི་བེད་སྤྱོད་བཏང་སྟེ། དཔལ་འབྱོར་གྱི་ཉེས་ཆད་འགེལ་དགོས་སྐོར་གསུངས་འདུག
གལ་སྲིད་གོང་གི་ཁྲིམས་གཞི་བེད་སྤྱོད་བཏང་བ་ཡིན་ན། ཁེ་ཎ་ཊ་གཞུང་གིས་རྒྱལ་སྤྱི་ངོས་འཛིན་གནང་བའི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་གདལ་བཤིག་གཏོང་མཁན་ནམ། ཡང་ན་དེར་ངན་པ་ལག་འབྲེལ་བྱེད་མཁན་རྒྱལ་ཁབ་གཞན་གྱི་མི་སེར་ཐོག་དཔལ་འབྱོར་ཉེས་ཆད་གཙོས་པའི་དམ་བསྒྲགས་གཞན་མང་པོ་བྱེད་ཆོག་ཀྱི་ཡོད་པ་དང་། ད་དུང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་གཏོང་མཁན་ཕྱི་རྒྱལ་མི་རིགས་ཚོའི་རྒྱུ་ནོར་ལོངས་སྤྱོད་ཁག་བེད་སྤྱོད་མི་ཆོག་པ་བཟོ་ཆོག་པ། ཁོང་ཚོས་དངུལ་ཕར་སྤྲོད་ཚུར་ལེན་བྱ་རྒྱུ་ཡང་བཀག་སྡོམ་བྱེད་ཆོག་ཀྱི་ཡོད་པ་རེད་འདུག
ཁྲིམས་གཞི་དེ་ནི་དཔྱ་ཁྲལ་ཐད་སློབ་སྟོན་པ་ཨུ་རུ་སུའི་(Sergei Magnitsky)་ཞུ་བས། ཨུ་རུ་སུའི་ནང་གཡོ་ཟོལ་ཁག་ཐོ་བཀོད་གནང་བར། ཁོང་ཨུ་རུ་སུའི་རྒྱལ་ས་མོསུ་ཀོའི་བཙོན་ཁང་ནང་བཙོན་འཇུག་བྱས་བ་དང་། ཁོང་བཙོན་ཁང་ནང་འདས་གྲོངས་སུ་ཕྱིན་པའི་རྗེས་སུ་ཁྲིམས་གཞི་དེར་ཁོང་གི་མིང་བཏགས་པ་ཞིག་ཡིན་པ་རེད།
ཁེ་ཎ་ཊ་གཞུང་གིས་དེ་སྔོན་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་ཨུ་རུ་སུ་དང་། ཝ་ནེ་ཛུ་ལའི་དཔོན་རིགས་ཐོག་ཉེས་ཆད་དེ་བཀེལ་མྱོང་བ་དང་། ཕྱི་ལོ་༢༠༡༨་ལོར་ཨ་རིའི་གསར་འགོད་པ་(Jamal Khashoggi)་ལ་སྡུག་སྦྱོང་མནར་གཅོད་བཏང་སྟེ་བསད་པའི་ནག་ཉེས་ཡོད་པའི་སོའུ་དྷེ་ཨ་རབ་བྷི་ཡའི་མི་སེར་༡༧་ལ་ཡང་ཉེས་ཆད་དེ་བཀེལ་ཡོད་པ་རེད།