ཁེ་ན་ཌའི་གཞུང་གིས་རྒྱ་ནག་ལ་སྐྱོན་བརྗོད་བྱས་ཡོད་པ།

རྒྱ་ནག་གཞུང་གིས་ལིའུ་ཤའོ་ཕུའུ་ལ་བཙོན་གྱི་ཁྲིམས་བཅད་ལ་ཁེ་ན་ཌའི་གཞུང་གིས་བློ་ཕམ་ཆེན་པོའི་ངང་སྐྱོན་བརྗོད་གནང་འདུག

༄༅༎རྒྱ་ནག་གཞུང་གིས་རྒྱ་རིགས་མང་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་ལ་རྒྱལ་ཁབ་ཀྱི་གཞུང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་བཙུགས་ཏེ་ལོ་བཅུ་གཅིག་གི་བཙོན་དུས་ལོ་ཚད་ཀྱི་ཁྲིམས་བཅད་ལ་ཁེ་ན་ཌའི་གཞུང་གིས་བློ་ཕམ་ཆེན་པོའི་ངང་སྐྱོན་བརྗོད་གནང་འདུག

དེ་ཡང་གཟའ་པ་སངས་ཉིན་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་ལཱོ་རེན་སི་ཁེ་ནེན་གྱི་མཚན་ཐོག་ནས་གསར་འགོད་སྤྱིར་བསྒྲགས་ཤིག་སྤེལ་ཡོད་པ་དེའི་ནང་ལིའུ་ཤའོ་ཕུའུ་ཡི་ཐོག་འདི་ལྟ་བུའི་ཁྲིམས་བཅད་བཀལ་བར་ཁེ་ན་ཌའི་གཞུང་གིས་བློ་ཕམ་ཧ་ཅང་ཆེན་པོ་གནང་གི་ཡོད་ཅེས་དང་ ཉེས་ཆད་འདི་ནི་ཁོང་གིས་ཞི་བའི་སྒོ་ནས་སོ་སོའི་བསམ་ཚུལ་བཏོན་པའི་ཐོབ་ཐང་བེད་སྤྱོད་བྱས་པར་ཉེས་ཆད་བཀལ་བ་ཞིག་ཡིན་པར་ཡིད་ཆེས་གནང་གི་ཡོད་ཅེས་གསུངས་འདུག

ད་དུང་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་གྱི་མཚན་ཐོག་ནས་སྤེལ་བའི་བསྒྲགས་གཏམ་དེའི་ནང་ཁེ་ན་ཌའི་གཞུང་གིས་སྔ་ལོ་རྒྱ་ནག་གཞུང་གིས་ལིའུ་ཤའོ་ཕུའུ་འཛིན་བཟུང་དོ་དམ་བྱས་པ་ནས་བཟུང་འབོད་བསྐུལ་བྱེད་བཞིན་པ་ལྟར་ད་རེས་སླར་ཡང་ལིའུ་ཤའོ་ཕུའུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གློད་འགྲོལ་དགོས་རྒྱུར་བསྐུལ་མ་བྱེད་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

དགུང་གྲངས་༥༣ཡིན་པ་ལིའུ་ཤའོ་ཕུའུ་ནི་རྒྱ་ནག་ནང་གི་མང་གཙོ་དོན་གཉེར་བ་གྲགས་ཆེ་ཤོས་ཡིན་ལ་ཁོང་དེ་སྔོན་ཕྱི་ལོ་༡༩༨༩ལོའི་གནམ་བདེ་སྒོ་མོ་ཆེའི་སློབ་ཕྲུག་གིས་འགོ་འཁྲིད་པའི་མང་གཙོའི་ལས་འགུལ་ནང་བཞུགས་མྱོང་ཡོད་པར་མ་ཟད་སྔ་ལོ་རྒྱ་ནག་ནང་གི་མང་གཙོ་དོན་གཉེར་བ་ཚོས་མིང་རྟགས་བཀོད་པའི་ཉིས་སྟོང་བརྒྱད་ཀྱི་རྩ་འཛིན་ཡིག་ཆ་ཟེར་བ་འདོན་སྤེལ་གནང་མཁན་གཙོ་བོའི་གྲས་ཤིག་ཀྱང་ཡིན་པ་རེད་ ཁོང་སྔ་ལོ་འཛིན་བཟུང་བྱུང་བའི་དོན་རྐྱེན་ཡང་ཡོངས་གྲགས་ཀྱི་ཡིག་ཆ་དེ་འདོན་སྤེལ་བྱས་པའི་ཡིན་ཞིང་ཉིས་སྟོང་བརྒྱད་ཀྱི་རྩ་འཛིན་ཡིག་ཆ་ཟེར་བ་དེའི་ནང་རྒྱ་ནག་གི་སྲིད་དབང་གཅིག་བསྡུད་ལམ་ལུགས་ལ་འགྱུར་བ་གཏོང་དགོས་པ་དང་ རྒྱ་ནག་ནང་མང་གཙོ་དང་རང་དབང་གི་ཐོབ་ཐང་གོང་འཕེལ་གཏོང་ཕྱོགས་སྐོར་གྱི་བསམ་ཚུལ་བཀོད་ཡོད་པ་རེད།

ལིའུ་ཤའོ་ཕུའུ་ཡི་ཐོག་བཀལ་བའི་ཁྲིམས་བཅད་ལ་ཨ་མི་རི་ཀ་དང་ཡོ་རོབ་མཐུན་ཚོགས་དེ་བཞིན་ཇར་མན་ནི་ལ་སོགས་པ་འཛམ་གླིང་ནང་གི་མང་གཙོའི་ཡུལ་གྲུ་ཚོས་སྐྱོན་བརྗོད་ཆེན་པོ་བྱེད་བཞིན་ཡོད་པ་རེད།

གཟའ་ལྷག་པའི་ཉིན་ལིའུ་ཤའོ་ཕུའུར་ཁྲིམས་གཅོད་བྱས་སྐབས་ཁེ་ན་ཌའི་གཞུང་ཚབ་ལས་ཁུངས་ཀྱི་སྐུ་ཚབ་མི་སྣ་སོགས་ཕྱི་རྒྱལ་གྱི་མི་སྣ་སུ་ཞིག་ཀྱང་ཁྲིམས་ཁང་ནང་མ་བཏང་པར་ཧ་ཅང་གི་གསང་རྒྱ་ཆེ་བའི་ཁྲིམས་གཤེར་བྱས་པ་དེ་ནི་བློ་འཚབ་སྐྱེ་གཞི་ཡིན་པ་ཁེ་ན་ཌའི་ཕྱི་སྲིད་བློན་ཆེན་གྱིས་གསུངས་འདུག།

ཉེ་བའི་ཆར་ཁེ་ན་ཌའི་གཞུང་ནས་རྒྱ་ནག་དང་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་བྱེད་བཞིན་ཡོད་པ་དང་ཁེ་ན་ཌའི་སྲིད་བློན་ཡང་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་ཏེ་གཟའ་འཁོར་འགའ་ཤས་ལས་འགྲོ་གི་མེད་པ་རེད། འོན་ཀྱང་ཁེ་ན་ཌའི་གཞུང་གིས་རྒྱ་ནག་དང་འབྲེལ་ལམ་ཡར་རྒྱས་གཏོང་ཐབས་བྱེད་བཞིན་པ་དང་དུས་མཚུངས་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གཏོང་ཐབས་གནང་རྒྱུའི་སྲིད་བྱུས་ཀྱང་བཟུང་བཞིན་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org