བདེ་ཆེན་ཕྱོགས་སུ་གཅན་གཟན་པགས་རིགས་ཀྱི་རྒྱན་གོས་མེར་བསྲེཊ།
བདེ་ཆེན་རྫོང་ཁོངས་ཀྱི་འཇང་ལུས་གྲོང་ཚོའི་དྲང་སྲོང་སྡེ་བའི་མི་མང་གིས་གཅན་གཟན་པགས་རིགས་ཀྱི་རྒྱན་གོས་མེར་བསྲེཊ་འདུག
-
2015-03-06 -
-
-
བདེ་ཆེན་རྫོང་ཁོངས་ཀྱི་འཇང་ལུས་གྲོང་ཚོའི་དྲང་སྲོང་སྡེ་བའི་མི་མང་གིས་གཅན་གཟན་པགས་རིགས་ཀྱི་རྒྱན་གོས་མེར་བསྲེཊ་འདུག
དེ་ཡང་འདི་གའི་གསར་འགོད་པས་གནས་ཚུལ་བཏང་དོན། བོད་ཀྱི་ལོ་གསར་དང་བསྟུན་ཏེ་ ཡུན་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བདེ་ཆེན་རྫོང་ཁོངས་ཀྱི་འཇང་ལུས་གྲོང་ཚོའི་དྲང་སྲོང་སྡེ་བའི་མི་མང་གིས། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་གིས་ལན་མང་རིང་བཀའ་གནང་བ་བཞིན། ལོ་སར་ཚེས་༩ ཉིན་སྟོང་ལ་ཉེ་བའི་གཅན་གཟན་སེམས་ཅན་གྱི་པགས་རིགས་ཀྱིས་བཟོས་པའི་རྒྱན་གོས་ཁག་མེར་བསྲེག་བཏང་ཡོད་པ་དང་། རྒྱན་གོས་ཁྲོད་རིན་གོང་ཧ་ཅང་གི་ཆེན་པོ་སྤྲད་པའི་ཝ་ཞ་དང་། སྟག་པགས། གཟིགས་པགས། སྲམ་པགས་སོགས་ཀྱིས་བཟོས་པའི་རྒྱན་གོས་མང་དག་ཅིག་མེར་བསྲེག་བཏང་འདུག ས་གནས་བོད་མི་ཞིག་གིས་བརྗོད་དོན། ཁོང་ཚོས་ལས་འགུལ་དང་མཉམ་རྩ་བའི་བླ་མ་རྣམས་ཀྱི་དགོངས་གཞི་ཡང་འགྲུབ་ཐུབ་པ་བྱུང་ཡོད་སྐོར་བརྗོད་འདུག
ད་དུང་ཁོང་གིས་ད་ཐེངས་ཀྱི་བོད་མི་དེ་དག་གིས་ས་གནས་རྒྱ་ནག་གཞུང་གི་དབང་འཛིན་པ་ཚོས་འཛིན་བཟུང་དང་། དོ་དམ་གྱི་ཉེན་ཁ་ཡོད་མིན་ལ་མ་ལྟོས་པར་པགས་རིགས་ཁག་མེར་བསྲེག་བཏང་ཡང་ས་གནས་སུ་དོལ་རྒྱལ་བསྟེན་མཁན་གྱི་བོད་མི་ཁག་ཅིག་གིས་པགས་རིགས་བེད་སྤྱོད་བྱེད་རྒྱུ་དེ་བས་མང་དུ་གཏོང་བཞིན་པའི་སྐོར་ཡང་བརྗོད་ཡོད།
དེ་སྔ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་དཔལ་ལྡན་འབྲས་སྤུངས་སུ་ྋགོང་ས་མཆོག་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས ༣༡ པ་གནང་སྐབས་བོད་ཕྱི་ནང་གཉིས་ནས་ཆོས་ཞུ་བ་འབུམ་གཅིག་ཙམ་ལ་ཡང་བསྐྱར་པགས་རིགས་གོས་རྒྱན་བེད་སྤྱོད་བྱས་པ་དེ་ནང་ལ་ཡོན་ཏན་གང་ཡང་མེད་པས་ཕྱི་ལོགས་སུ་སྟག་ལྤགས་དང་གཟིག་ལྤགས་གྱོན་ནས་ཐབས་སྐྱོ་བོ་དང་ངོ་ཚ་དགོས་པ་ཡིན་པ་སོགས་ཀྱི་བཀའ་ཕེབས་རྗེས། བོད་ནང་གཅན་གཟན་པགས་རིགས་ཀྱི་རྒྱན་གོས་མེར་སྲེག་བཏང་བའི་ལས་འགུལ་སྤེལ་ཡོད་པ་དང་། ད་སྐབས་བོད་ནང་ཕལ་ཆེར་གཅན་གཟན་པགས་རིགས་ཀྱི་རྒྱན་གོས་བེད་སྤྱོད་བྱེད་མཁན་མེད་པར་གྱུར་ཡོད་པ་རེད།
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།