རུབ་སྡོད་གཞིས་སྒར་བསྐྱར་གསོའི་ལས་གཞིའི་ཁོངས་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་ལ་བྱང་མ་ཁྱུ་དང་ཆུ་ཤུལ་ཁུལ་གྱི་བོད་མི་རྣམས་ཀྱི་ཆེད་སྡོད་ཁང་གསར་རྒྱག་ཟིན་འདུག
རུབ་སྡོད་གཞིས་སྒར་བསྐྱར་གསོའི་ལས་གཞིའི་ཁོངས་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་ལ་བྱང་མ་ཁྱུ་དང་ཆུ་ཤུལ་ཁུལ་གྱི་བོད་མི་རྣམས་ཀྱི་ཆེད་སྡོད་ཁང་གསར་རྒྱག་ལས་དོན་ལེགས་གྲུབ་ཟིན་འདུག
- 2025-01-30
-
-
-
Your browser doesn’t support HTML5 audio
ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་རུབ་སྡོད་གཞིས་སྒར་བསྐྱར་གསོའི་ལས་གཞི་ཁོངས་ལ་དྭགས་བྱང་ཐང་མ་ཁྱུ་དང་ཆུ་ཤུལ་ཁུལ་གྱི་བོད་མི་རྣམས་ཀྱི་ཆེད་སྡོད་ཁང་གསར་རྒྱག་ལས་གཞི་གྲུབ་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་ ༡༦ པའི་ཕུགས་དམིགས་ཡིག་ཆའི་ནང་གཏན་འབེབས་གནང་བ་གཞིར་བཟུང་། ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་ལ་བྱང་མ་ཁྱུ་དང་ཆུ་ཤུལ་སྡོད་ཁང་གསར་རྒྱག་གི་ལས་གཞི་ལེགས་གྲུབ་ཟིན་པ་སྟེ་ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༢༩ རེས་གཟའ་ལྷག་པའི་ཉིན་བོད་མའི་སྒྲིག་འཛུགས་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ནས་དབུ་འབྱེད་གནང་འདུག་ཅིང་། དེ་ཉིད་རུབ་སྡོད་གཞིས་སྒར་བསྐྱར་གསོའི་ལས་གཞིའི་ཁོངས་ནས་ལེགས་གྲུབ་ཟིན་པའི་ལས་གཞི་ཐོག་མ་དེ་ཆགས་ཀྱི་འདུག
ལས་གཞི་དེ་དང་འབྲེལ་ཏེ་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ངོ་སྤྲོད་གནང་དོན་ལ། བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་བཅུ་དྲུག་པའི་འཆར་གཞི་དགོངས་དོན་བོད་ནས་ཕྱིས་སུ་བོད་མི་སྡོད་ཁང་མེད་རིགས་དང་། དེ་སྔ་བཙན་བྱོལ་ནང་གནས་མུས་ཡིན་ཡང་གཞིས་ཆགས་ཀྱི་ཐོབ་ཐང་མེད་པ་རྣམས་ལས་སྡོད་ཁང་མཁོ་སྤྲོད་གནང་རྒྱུ་མ་ཟད། གཞིས་ཆགས་སྲ་བརྟན་ཡོང་སླད་ད་ཡོད་གཞིས་ཆགས་ཁག་ཏུ་བོད་མི་གནས་སྤོ་བྱ་རྒྱུའི་ཆེད་དུ་རུབ་སྡོད་གཞིས་སྒར་བསྐྱར་གསོའི་ལས་གཞི་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་། ལས་གཞིའི་ནང་ས་ཁང་གི་ཐོབ་ཐང་མེད་པའི་བོད་མི་སྐྱབས་བཅོལ་བ་ ༢༠༠༠ ཙམ་ལ་ས་ཁང་གནང་རྒྱུའི་གཏན་འབེབས་བྱུང་བ་བཞིན། ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༣ བར་ཁྱིམ་ཚང་རེ་རེའི་ཡིག་ཆ་ཞིབ་འཇུག་གནང་སྟེ། ཁྱོན་གཞིས་ཆགས་ ༧ ཙམ་གྱི་ནང་གཞིས་ཆགས་གདམ་ཀ་གནང་ཡོད་པ་འགྲེལ་བརྗོད་གནང་གི་འདུག དེ་བཞིན་ཁོང་གིས། ཐེངས་འདིར་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་ལ་བྱང་མ་ཁྱུ་དང་ཆུ་ཤུལ་ཁུལ་གྱི་བོད་མི་རྣམས་ཀྱི་ཆེད་སྡོད་ཁང་གསར་རྒྱག་ཡོད་པ་དེ་བཞིན་རུབ་སྡོད་གཞིས་སྒར་བསྐྱར་གསོའི་ལས་གཞིའི་ཁོངས་ནས་ལས་དོན་ལེགས་གྲུབ་ཟིན་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞན་ཡང་ཁོང་ནས་མུ་མཐུད་གསུངས་དོན་ལ། ད་ལྟའི་རུབ་སྡོད་གཞིས་སྒར་བསྐྱར་གསོའི་ལས་གཞི་ (Building Back Compact Community) དེའི་དམིགས་ཡུལ་གཞན་ཞིག་ནི་ད་ལྟའི་ཆར་བཙན་བྱོལ་བོད་མི་མང་དག་ཅིག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྤོས་ཏེ། བོད་མི་རྣམས་ཁ་ཐོར་འགྲོ་བའི་ཉེན་ཁ་ཡོད་པའི་མཚམས་འདིར་བོད་ཀྱི་སྐད་དང་། རིག་གཞུང་། མི་རིགས་ཀྱི་ངོ་བོ་རྒྱུན་གནས་ཐུབ་སླད་ལས་གཞི་དེ་བརྒྱུད་བོད་མི་རྣམས་མཉམ་གནས་ཐུབ་རྒྱུར་དམིགས་ཡོད་པ་དང་། ལས་གཞི་དེའི་བརྒྱུད་ཨུ་རི་ས་དང་། མེན་པཌ་བོད་མིའི་གཞིས་ཆགས་ཁག་ཏུ་ཁང་པ་གསར་རྒྱག་གིས་དབུལ་རྒྱུ་ཡིན་པ་དང་། རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་ས་ཆ་དང་ཁང་བཟོའི་ཆེད་རོགས་དངུལ་ཕུལ་གྱི་ཡོད་པ་གསུངས་བྱུང་།
གཞི་རྩའི་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ལ་དྭགས་བསོད་ནམས་གླིང་དུ་ལ་བྱང་མ་ཁྱུ་དང་ཆུ་ཤུལ་ཁུལ་གྱི་བོད་མིའི་ཆེད་སྡོད་ཁང་གསར་རྒྱག་གི་ལས་གཞི་ལེགས་གྲུབ་ཟིན་ཏེ་དབུ་འབྱེད་གནང་ཡོད་པ་དང་བསྟུན། ལ་དྭགས་བསོད་ནམས་གླིང་བོད་མིའི་གཞི་ཆགས་ཀྱི་ལས་ཁུངས་ཁག་ཏུ་འཚམས་གཟིགས་དང་། དེ་བཞིན་བསོད་ནམས་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་གསར་རྙིང་དབར་རྩིད་སྤྲོད་རྩིས་ལེན་གནང་སྟེ། ཟླ་འདིའི་ཚེས་ ༣༠ ཉིན་ལ་དྭགས་ས་གནས་མཉམ་འབྲེལ་གྱི་སྣུམ་སྣོན་ས་ཚིགས་ (Petrol Pump) གསར་པ་དབུ་བྱེད་གནང་འདུག །
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།