༸གོང་ས་མཆོག་ལ་སྟོན་པའི་རིང་བསྲེལ་འཁྲུལ་བྲལ་ཞིག་འབུལ་ལམ་ཞུས་པ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་བུ་གླིང་འདིའི་ཞི་བདེ་དང་བྱམས་བརྩེའི་མཚོན་རྟགས་ཡིན་ཞེས་གསུངས་བྱུང་།

སྟོན་པའི་རིང་བསྲེལ་༸རྒྱལ་བའི་ཕོ་བྲང་དུ་གདན་འདེན་ཞུ་བཞིན་པའི་སྐབས། ༢༠༢༤།༠༤།༠༤ ཉིན། OHHDL

དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་བ་ ༤ ཚེས་ ༤ ཉིན་བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ། ཐུགས་དམ་གྱི་རྟེན་དུ་ཤྲི་ལངྒའི་ནང་ཡོད་པའི་སྟོན་པ་ཐུབ་པའི་དབང་པོའི་ཕྱག་གི་རིང་བསྲེལ་འཁྲུལ་བྲལ་ཞིག་ཤྲི་ལངྒའི་ནང་པའི་བླ་ཆེན་ཝས་ཀ་རྡ་ཝེ་མ་ཧིན་རྡ་ཝན་ས་མཆོག་ནས་འབུལ་ལམ་ཞུས་ཡོད་ཅིང་། སྐབས་དེར་༸གོང་ས་མཆོག་༸རྒྱལ་བའི་གཟིམ་ཆུང་ནས་ཕོ་བྲང་གི་རྒྱལ་སྒོ་བར་ཕེབས་བསུར་ཆིབས་སྒྱུར་བསྐྱངས་ཡོད་པ་རེད། ༸གོང་ས་མཆོག་ནས་སྟོན་པའི་རིང་བསྲེལ་ལ་མཇལ་ཁ་ཞུས་རྗེས། སྟོན་པའི་རིང་བསྲེལ་གདན་འདྲེན་ཞུ་མཁན་གྱི་སྐུ་ཚབ་ཚོགས་ཆུང་ལ་བཀའ་སློབ་སྩལ་བའི་ནང་། སྟོན་པ་སྐུ་འཁྲུངས་པ་ནས་བཟུང་འཛམ་གླིང་ཡོངས་སུ་སྟོན་པའི་བཀའ་གསུང་དེ་དག་ཡོངས་ཁྱབ་ལྟ་བུར་གྱུར་ཡོད་པ་རེད་ལ། དམིགས་བསལ་ནཱ་ལེནྡྲའི་སྲོལ་རྒྱུན་དེ་གལ་འགངས་ཆེན་པོ་ཆགས་ཡོད་པ་དང་། ངོས་རང་འཛམ་གླིང་གི་ཚན་རིག་པ་ཚོ་དང་ཐུག་འཕྲད་བྱུང་སྐབས། ཁོ་ཚོས་དངོས་གནས་དགའ་མོས་གནང་གི་ཡོད་པས། སྟོན་པའི་བཀའ་གསུང་དེ་དག་དད་པ་ཙམ་མིན་པར་འགྲོ་བ་མིའི་སེམས་ཁམས་རིག་པ་དང་འབྲེལ་བ་ཤུགས་ཆེན་པོ་ཡོད་པ་ཞིག་ཡིན་སྟབས། ངོ་མཚར་བ་ཞིག་ཡིན་ཞེས་བཀའ་སྩལ་ཡོད་པ་རེད།

སྟོན་པའི་རིང་བསྲེལ་༸རྒྱལ་བའི་ཕོ་བྲང་དུ་གདན་འདྲེན་ཞུས་རྗེས། ཤྲི་ལངྒའི་ནང་པའི་བླ་ཆེན་ཝས་ཀ་རྡ་ཝེ་མ་ཧིན་རྡ་ཝན་ས་མཆོག་ནས་གསར་འགོད་པ་ཚོར་བཀའ་མོལ་གནང་སྐབས། དེ་རིང་སྟོན་པའི་རིང་བསྲེལ་༸གོང་ས་མཆོག་ལ་འབུལ་ལམ་ཞུས་དོན་གཙོ་བོ་ནི། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་བུ་གླིང་འདིའི་ཞི་བདེ་དང་བྱམས་བརྩེའི་མཚོན་རྟགས་ཡིན་ཞེས་དང་། ༸གོང་ས་མཆོག་གིས་ནང་ཆོས་ལ་ལེགས་སྐྱེས་ཀྱི་མཛད་འཕྲིན་བསྐྱངས་པ་ནི་སྐྱེ་བོ་གཞན་སུ་ཞིག་གིས་ཀྱང་གནང་མི་ཐུབ་པ་ཞིག་རེད་ཅེས་དང་། ང་ཚོས་སྟོན་པའི་རིང་བསྲེལ་༸གོང་ས་མཆོག་ལ་འབུལ་ལམ་ཞུས་པ་དེ་ནི་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་ཅིང་། དེ་སྔ་ཐའེ་ལེན་ཌ་ཡི་རྒྱལ་པོར་འབུལ་ལམ་ཞུས་ཡོད་ཅེས་གསུངས་བྱུང་།

༸གོང་ས་མཆོག་ནས་སྟོན་པའི་རིང་བསྲེལ་ལ་མཇལ་ཁ་ཞུ་བཞིན་པའི་སྐབས། པར་དབང་། དགའ་ལྡན་ཕོ་བྲང་།

ཡང་སྟོན་པའི་རིང་བསྲེལ་དེ་༸གོང་ས་མཆོག་ལ་འབུལ་ལམ་ཞུ་རྒྱུའི་ལས་དོན་ནི་དངོས་སུ་ལོ་དྲུག་གོང་ནས་འབད་བརྩོན་གནང་ཡོད་པར་མ་ཟད། ཕྱི་ལོ་ ༢༠༢༢ ལོར་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཤྲི་ལངྒའི་ནང་གནས་གཟིགས་སུ་ཆིབས་སྒྱུར་མཛད་སྐབས། ནང་པའི་བླ་ཆེན་ཝས་ཀ་རྡ་ཝེ་མ་ཧིན་རྡ་ཝན་ས་མཆོག་ནས་རིན་པོ་ཆེ་མཆོག་ལ་སྟོན་པའི་རིང་བསྲེལ་དེ་༸གོང་ས་མཆོག་ལ་འབུལ་ལམ་ཞུ་ཐབས་ཐད་ལམ་སྟོན་སྐྱབས་འཇུགས་ཞུས་ཡོད་པ་རེད་འདུག 

ཐེངས་འདིའི་སྟོན་པའི་རིང་བསྲེལ་ནི་ཕྱི་ལོ་ ༡༨༩༨ ལོར་དབྱིན་ཇིའི་གནའ་དངོས་ཤུལ་རྫས་དཔྱད་རིག་པ་ (Archaeologist) སྐུ་ཞབས་ William Peppe ལགས་ནས་སེར་སྐྱའི་ Kapilavastu གནས་སུ་རྙེད་ཡོད་ཅིང་། ཁོང་གིས་སྐབས་དེར་ཤྲི་ལངྒའི་བླ་ཆེན་སུ་སྦུ་ཐི་མཆོག་ལ་ཕུལ་ནས་ད་བར་ཤྲི་ལངྒའི་ Kapilavsstu Rajaguru Sri Subhuthi དགོན་པའི་ནང་ཉར་ཚགས་གནང་ཡོད་པ་རེད་ལ། དགོན་པ་དེར་སྟོན་པའི་རིང་བསྲེལ་ཁྱོན་ ༢༡ ཡོད་པ་རེད་འདུག

དེ་རིང་སྟོན་པའི་རིང་བསྲེལ་མཇལ་ཁ་ཞུ་མཁན་གྱི་ཁོངས་སུ་ཡོད་པ་རྒྱལ་པོ་ཚེ་རིང་ལགས་ཀྱིས། སྟོན་པའི་རིང་བསྲེལ་༸གོང་ས་མཆོག་ལ་འབུལ་ལམ་ཞུས་པ་དེ་ནི་བོད་མི་ཚོའི་བསོད་ནམས་བསགས་པར་ངོས་འཛིན་གནང་གི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་། 
ཡང་བདེ་ཆེན་དབང་མོ་ལགས་ཀྱིས། དེ་རིང་༸གོང་ས་མཆོག་དང་སྟོན་པའི་རིང་བསྲེལ་དུས་གཅིག་ལ་མཇལ་རྒྱུ་བྱུང་བ་ནི་སྐལ་བ་བཟང་པོ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

གཞན་ཡང་དེ་རིང་སྟོན་པའི་རིང་བསྲེལ་གདན་འདྲེན་ཞུ་མཁན་གྱི་ཁོངས་སུ་ཡོད་པ་ཤྲི་ལངྒའི་ནང་པའི་བླ་ཆེན་ཝས་ཀ་རྡ་ཝེ་མ་ཧིན་རྡ་ཝན་ས་མཆོག་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ངོས་ནས་ཡུན་རིང་སེམས་སུ་བཅངས་པའི་རྨི་ལམ་ཞིག་དེ་རིང་དངོས་སུ་གྲུབ་སོང་ཞེས་དང་། ངོས་ནས་སླར་ཡང་༸གོང་ས་མཆོག་གིས་འཛམ་གླིང་གི་སྐྱེ་འགྲོའི་བདེ་རྩར་ཕན་པའི་མཛད་འཕྲིན་མཐའ་ཡས་སྐྱོང་མུས་དེ་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ཞེས་བཀོད་འདུག

གསར་འགོད་པ། ཡེ་ཤེས་ཟླ་བ།  
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org