སྟོན་པ་ཤཀྱཱ་ཐུབ་པ་ནི་ང་ཚོའི་སྟོང་ཉིད་དང་བྱམས་སྙིང་རྗེ་ཡི་སྲོལ་འབྱེད་མཁན་ཡིན། ༧གོང་ས་མཆོག་གིས།

གནས་བརྟན་སྡེ་བའི་ལུགས་ལྟར་བདག་ཅག་གི་སྟོན་པ་ཤཀྱཱ་ཐུབ་པ་སྐུ་བལྟམས་པའི་ཉིན་མོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་གི་ནང་པའི་རྗེས་འཇུག་པ་ཡོངས་ལ་འཚམས་འཕྲིན་བསྩལ་འདུག

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་སྟོན་པའི་སྐུ་བརྙན་མདུན། ༠༡།༡༩།༢༠༢༣ OHHDL

དེ་ཡང་སྤྱི་ཚེས་༥ཉིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་བརྟན་སྡེ་བའི་ལུགས་ལྟར་བདག་ཅག་གི་སྟོན་པ་ཤཀྱཱ་ཐུབ་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་སངས་རྒྱས་ཀྱི་དུས་ཆེན་ཉིན་འཛམ་གླིང་གི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ཡོངས་ལ་འཚམས་འདྲི་དང་མཉམ། སྟོན་པ་ཤཀྱཱ་ཐུབ་པ་ནི་ང་ཚོའི་བྱམས་སྙིང་རྗེ་དང་འབྲེལ་བའི་སྲོལ་རྒྱུན་སེམས་ཁམས་ཀྱི་སྲོལ་འབྱེད་གནང་མཁན་གྱི སྟོན་པ་ཡིན་ལ། སངས་རྒྱས་ཀྱིས་གནས་འདིར་སངས་རྒྱས་པ་བདེན་བཞིའི་ཆོས་འཁོར་བསྐོར་བ་སོགས་ཀྱི་མཛད་པ་བསྐྱངས་གནང་མཛད་ཡོད་པ་ལས། སྟོང་ཉིད་དང་བྱམས་སྙིང་རྗེ་ནི་གཙོ་གནད་ཡིན་པས། དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོར་འདིར། གཅེན་གཅུང་ཡོངས་ཀྱིས་སེམས་བཟང་པོ་གནང་ནས་མི་ཚེ་དོན་སྙིང་ལྡན་པ་ཞིག་ཡོང་རྒྱུ། དེ་བཞིན་གཞན་དོན་གཉེར་རྒྱུ་གལ་ཆེ་ཡིན་པ་སོགས་བཀའ་སྩལ་འདུག


གནས་བརྟན་སྡེ་བའི་ལུགས་ལྟར་བདག་ཅག་གི་སྟོན་པ་ཤཀྱཱ་ཐུབ་པ་སྐུ་བལྟམས་པའི་ཉིན་མོ་རྒྱ་གར་དང་བལ་ཡུལ་སོགས་ཨེ་ཤེ་ཡ་གཙོས་ཡུལ་ལུང་མང་པོར་སྲུང་བརྩི་གནང་སྲོལ་ཡོད་པ་དང་། ད་རེས་ལ་དྭགས་ས་གནས་སུ་ལ་དྭགས་ནང་པའི་ཚོགས་པ་དང་། ལ་དྭགས་ཡངས་ཀྱི་དགོན་པ་ཚོགས་པ། རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་བཅས་ཀྱིས་གོ་སྒྲིག་འོག་འབུམ་པོ་ཏི་ཡོད་པ་འབུམ་སྐོར་དང་བཅས་གནས་བརྟན་སྡེ་པའི་ལུགས་ཀྱི་སངས་རྒྱས་ཀྱི་འཁྲུངས་སྐར་སྲུང་བརྩི་གནང་སྐབས། ལ་དྭགས་སྲིད་སྐྱོང་གཞོན་པ་དང་ཆོས་ལུགས་འདྲ་མིན་གྱི་འཐུས་ཚབ་ཡང་མཉམ་ཞུགས་གནང་ཡོད་པ་དང་། ཐུགས་སྲས་རིན་པོ་ཆེ་མཆོག་གིས་ནང་པ་ནང་ཁུལ་མཐུན་སྒྲིལ་གནང་གལ་ཆེ་བ་སོགས་ཀྱི་བཀའ་སློབ་གནང་ཡོད་འདུག


སྤྱིར་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ས་ལུག་ཆུ་སྟོད་ཟླ་བ་དྲུག་པའི་ཚེས་༡༥ཉིན་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས་ནས་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ཉིན་ལུམ་བིའི་ཚལ་དུ་སྐུ་བལྟམས་པ་དང་། ཤིང་རྟ་ས་ཟླའི་ཚེས་༡༥ཡི་མཚན་མོར་བྱང་ཆུབ་ཤིང་གི་དྲུང་དུ་མཉམ་པར་བཞག་སྟེ་སྲོད་ལ་བདུད་བཏུལ་བ་དང་ཐོ་རེངས་མངོན་པར་སངས་རྒྱས་པ། ལྕགས་འབྲུག་ས་ག་ཟླ་བའི་ཚེས་༡༥ཉིན་རྩྭ་མཆོག་གྲོང་དུ་གཤེགས་ཏེ་སཱ་ལའི་ཚལ་གྱི་དབུས་སུ་ཐ་མལ་གྱི་གཟིམས་ཁྲིར་བཞུགས་ཤིང་ཉན་ཐོས་འོད་སྲུངས་ཆེན་པོ་ལ་བསྟན་པ་གཏད། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའོ། །ཞེས་གསུང་གི་ཐ་མ་སྩལ་ནས་ཆོས་ཀྱི་དབྱིངས་སུ་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་དང་གསུམ་བཅས་ཀྱིས་ཟླ་བ་འདི་ནི་དུས་ཆེན་གསུམ་འཛོམས་ཀྱི་ཟླ་བ་ཁྱད་པར་ཅན་ཞིག་ལ་ངོས་འཛིན་བྱེད་སྲོལ་ཡོད་པ་རེད།


གསར་འགོད་པ། ཀེ་ཐོ། འཕྲིན་ལས་ཆོས་སྒྲོན།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org