དབྱིན་ཇིའི་གཞས་མ་གྲགས་ཅན་ཞིག་ལ་མཐོང་མཆན་སྤྲད་མི་འདུག

རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཕྱིའི་གཞས་མ་གྲགས་ཅན་ཞིག་ལ་མཐོང་མཆན་སྤྲད་མི་འདུག

རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཕྱིའི་གཞས་མ་གྲགས་ཅན་ཞིག་ལ་མཐོང་མཆན་སྤྲད་མེད་པ་རེད།
བོད་དང་འབྲེལ་བའི་རྔམ་སྟོན་ཁྲོམ་སྐོར་ནང་མཉམ་ཞུགས་གནང་མཁན་དང་། འགྲོ་བ་མིའི་ཐོབ་ཐང་ཆེད་འཐབ་རྩོད་གནང་མཁན་དབྱིན་ཇིའི་གླུ་མ་དང་གློག་བརྙན་སྒྱུ་རྩལ་འཁྲབ་སྟོན་པ་གྲགས་ཅན་ལྕམ་Jane Birkin་རྒྱ་ནག་ནང་ཕེབས་ཆོག་པའི་མཐོང་མཆན་མ་སྤྲད་པའི་རྐྱེན་གྱིས། གྲོང་ཁྱེར་ཧྲང་ཧེ་ནང་རོལ་དབྱངས་འདུ་འཛོམས་ཤིག་གནང་འཆར་ཡོད་པ་དེ་ཕྱིར་འཐེན་གནང་འདུག
དབྱིན་ཇིའི་གླུ་གཞས་གཏོང་མཁན་དང་གློག་བརྙན་སྒྱུ་རྩལ་འཁྲབ་སྟོན་པ་གྲགས་ཅན་ལྕམ་Jane Birkin་ལགས་ཀྱིས་འདི་ཟླའི་ཚེས་༩་ཉིན་གྲོང་ཁྱེར་ཧྲང་ཧེ་ནང་འཁྲབ་སྟོན་གནང་གཏན་འཁེལ་ན་ཡང་། རྒྱ་ནག་གཞུང་གིས་ཁོང་རྒྱ་ནག་ནང་ཕེབས་ཆོག་པའི་མཐོང་མཆན་མ་སྤྲད་པར་བརྟེན་ནས་འཁྲབ་སྟོན་དེ་ཕྱིར་འཐེན་གནང་འདུག ཁོང་གི་ཕྱག་འབྲེལ་ཁག་ལྟར་ན། རྒྱ་ནག་གཞུང་གིས་ལྕམ་Jane Birkin་ལ་མཐོང་མཆན་མི་སྤྲོད་པའི་རྒྱུ་མཚན་ནི་ཁོང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་བཀའ་མོལ་གནང་བ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་འབྲེལ་བ་ཡོད་པའམ་དེ་མིན་བོད་དོན་དང་འབྲེལ་བའི་གནད་དོན་ཡོད་པ། རྩ་བའི་ཁོང་ནས་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་མཁན་ཚོར་འཐབ་རྩོད་གནང་བཞིན་པའི་ཆོད་སེམས་ལ་བརྟེན་ཡིན་སྐོར་གསུངས་འདུག ཡིན་ནའི་རྒྱ་ནག་གཞུང་ངོས་ནས་ལྕམ་Jane Birkin་ལགས་ཀྱི་ཕྱག་རོགས་རྣམས་རྒྱ་ནག་ནང་བསྐྱོད་ཆོག་པའི་ཐོངས་མཆན་སྤྲད་ན་ཡང་། ཁོང་ལ་མི་སྤྲོད་པའི་རྒྱུ་མཚན་ཇི་ཡིན་གསལ་བཤད་བྱས་མིན་འདུག
ཧྥ་རན་སི་ནང་གནས་བཞུགས་གནང་མཁན་ལྕམ་Jane Birkin་ལགས་བོད་དོན་རྒྱབ་སྐྱོར་གྱི་རྔམ་སྟོན་ཁག་ནང་མཉམ་བཞུགས་གནང་མྱོང་ཡོད་པ་མ་ཟད། ཁོང་ནི་རྒྱལ་སྤྱིའི་ཉེས་ཡང་ཚོགས་པ་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེའི་ཚོགས་མི་ཡང་ཡིན་འདུག རྒྱ་ནག་གཞུང་གིས་ཨ་རིའི་གཞས་མ་གྲགས་ཅན་Lady Gaga་དང་། Selena Gomez, དེ་བཞིན་གཞས་པ་གྲགས་ཅན་Adam Levine, Bon Jovi་སོགས་རྒྱལ་སྤྱིའི་ནང་སྙན་གྲགས་ཆེ་བའི་མི་སྣ་རྣམས་ཀྱིས་༧གོང་ས་མཆོག་དང་མཇལ་བཅར་ཞུས་པའི་རྒྱུ་མཚན་དྲངས་ནས་ཁོང་རྣམས་རྒྱ་ནག་ནང་ཕེབས་མི་ཆོག་པའི་དམ་བསྒྲགས་བྱས་ཡོད་པ་རེད།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org