བྷོ་ཞི་ལེ་ཐོག་ཁྲིམས་གཅོད་བྱ་རྒྱུ།
རྒྱ་ནག་གི་སྲིད་དོན་མི་སྣ་གནད་ཡོད་ཅན་Bo Xilai རྒྱ་ནག་དམར་ཤོག་ཚོགས་པ་ནས་ཕྱིར་འབུད་ཀྱིས། ཁོང་ཐོག་ཁྲིམས་གཅོད་བྱ་རྒྱུ་ཡིན་སྐོར་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག།
-
2012-09-28 -
-
-
༄༅། །Bo Xilai ནི་Chongqing གྲོང་ཁྱེར་གྱི་དམར་ཤོག་ཚོགས་པའི་འགོ་ཁྲིད་ཟུར་པ་ཡིན་པ་དང༌། ཉེ་དུས་ཕྱི་ཟླ་བརྒྱད་པའི་ནང་ཁོང་གི་བཟའ་ཟླ་Gu Kailai ཐོག་དབྱིན་ཇིའི་ཚོང་པ་Neil Heywood བསད་པའི་ནག་ཉེས་ཕོག་ནས་ཁྲིམས་ཁང་གིས་དུས་འགྱངས་སྲོག་ཐོག་གི་ཉེས་ཆད་བཏང་ཡོད་པ་རེད། གོང་ཞུས་འགྱོད་གཞི་དེ་ཐོན་པའི་རྗེས་ནས་བཟུང་ད་བར་ Bo Xilai མང་ཚོགས་ཁྲོད་མཐོང་རྒྱུ་མེད་པ་ཆགས་ཡོད་ཅིང༌། རྒྱ་ནག་གཞུང་གིས་ཁོང་ཐོག་རྟོགས་ཞིབ་བྱེད་བཞིན་ཡོད་ལུགས་བརྗོད་བཞིན་ཡོད་པ་དང༌། ཕྱི་ཟླ་བཞི་པའི་ནང་དམར་ཤོག་ཚོགས་པའི་ལས་གནས་ནས་ཕྱིར་འབུད་བྱས་ཡོད་པ་རེད། ཤིན་ཧྭ་གསར་ལས་ཁང་གིས་ Bo Xilai དམར་ཤོག་ཚོགས་པ་ནས་ཕྱིར་འབུད་བྱས་པའི་གནས་ཚུལ་བཀོད་པ་ལས། ཁོང་ལ་ནག་ཉེས་ག་རེ་བཙུགས་ཡོད་མེད་སྐོར་འགྲེལ་བརྗོད་གསལ་པོ་བྱས་མི་འདུག།
Gu Kailai ལ་དུས་འགྱངས་སྲོག་ཐོག་གི་ཉེས་ཆད་བཏང་བའི་རྗེས་ལ། གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་Chongqing གྲོང་ཁྱེར་གྱི་ཉེན་རྟོག་པའི་འགོ་ཁྲིད་ཟུར་པ་Wang Lijun ལ་ ཁྲིམས་ལ་སྲུང་བརྩི་མ་བྱས་པ་དང༌། རྒྱལ་ཁབ་ལ་རྒྱབ་གཏོད་བྱས་པ། ལྐོག་ཟ་རུལ་སུངས་དང་། དབང་ཆ་བེད་སྤྱོད་ལོག་པ་བཏང་བའི་ནག་ཉེས་བཙུགས་ནས་ལོ་༡༥འི་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཏང་ཡོད་པ་རེད།
དེ་བཞིན་ཤིན་ཧྭ་གསར་ལས་ཁང་གིས་རྒྱ་ནག་གི་ཆབ་སྲིད་འགོ་ཁྲིད་ལ་བརྗེ་འགྱུར་འགྲོ་རྒྱུའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་དེ་བཞིན་རིང་མིན་ཕྱི་ཟླ་༡༡པའི་ཚེས་༨ཉིན་འཚོགས་རྒྱུ་ཡིན་པའི་གསལ་བསྒྲགས་ཀྱང་བྱས་འདུག།