རྒྱ་གར་གཞུང་གིས་རྒྱ་ནག་གི་དམག་གི་འགུལ་བསྐྱོད་ཁག་ལ་ལྟ་ཞིབ་ནན་པོ་བྱེད་བཞིན་ཡོད་པ་བརྗོད་འདུག

རྒྱ་ནག་གིས་རྒྱ་གར་ཕྱོགས་སུ་དམིགས་པའི་གནམ་དམག་གི་རྟེན་གཞིའི་འགུལ་བསྐྱོད་ཁག་ལ་རྒྱ་གར་གཞུང་གིས་གྲ་སྒྲིག་དང་བཅས་ནན་ཏན་གྱིས་ལྟ་ཞིབ་བྱེད་བཞིན་ཡོད་པ་བརྗོད་འདུག

རྒྱ་གར་ལ་དྭགས་ས་མཚམས་ཀྱི་མཐའ་མཚམས་དམག་མི། ༢༠༢༠།༦།༡༧ AFP

རྒྱ་ནག་གིས་རྒྱ་གར་ཕྱོགས་སུ་དམིགས་པའི་གནམ་དམག་གི་རྟེན་གཞིའི་འགུལ་བསྐྱོད་ཁག་ལ་རྒྱ་གར་གཞུང་གིས་གྲ་སྒྲིག་དང་བཅས་ནན་ཏན་གྱིས་ལྟ་ཞིབ་བྱེད་བཞིན་ཡོད་པ་བརྗོད་འདུག
རྒྱ་ནག་གཞུང་གིས་བཙན་བཟུང་འོག་ཡོད་པ་བོད་དང་ཤར་ཏུར་ཀིསི་ཐན་ཞེས་འབོད་པའི་མངའ་ཁུལ་ནས་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཕྱོགས་སུ་དམག་གྲ་སྒྲིག་བཞིན་པར་སོང་། རྒྱ་གར་གྱི་ངོས་ནས་རང་གི་ས་མཚམས་ཀྱི་ཕ་རོལ་རྒྱ་ནག་གི་གནམ་དམག་གི་རྟེན་གཞི་ཁག་བདུན་ལ་ནན་ཏན་གྱིས་རྟོག་ཞིབ་བྱེད་བཞིན་ཡོད་པ་རྒྱ་གར་གཞུང་གི་དཔོན་རིགས་ཁག་གཅིག་གིས་(Asian News International)་ལ་འགྲེལ་བརྗོད་བྱུང་བ་གསར་ལས་ཁང་དེས་གནས་ཚུལ་སྤེལ་འདུག
དེ་ཡང་གནས་ཚུལ་ཐོན་ཁུངས་ཁག་ལ་གཞིགས་ན། རྒྱ་ནག་གི་ངོས་ནས་རྒྱ་གར་དང་འཁོན་འཁྲུག་ཞི་ཐབས་ཀྱི་འདུན་པ་གསལ་སྟོན་བྱེད་ཀྱི་མེད་པའི་ཁར། རྒྱ་གར་ལ་དྭགས་དང་གཞན་ཡང་བྱང་ཤར་(Arunachal Pradesh)་བཅས་ཀྱི་ས་མཚམས་ཕྱོགས་སུ་རང་གི་གནམ་དམག་གི་རྟེན་གཞི་ཁག་ལ་དམག་གྲ་སྒྲིག་བྱེད་བཞིན་པའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་ཡོད་པ་ལྟར། རྒྱ་གར་གྱི་ངོས་ནས་ཀྱང་དེ་མཚུངས་ཀྱིས་རང་གི་ས་མཚམས་ཀྱི་ས་ཁུལ་ཁག་ཏུ་དམག་དོན་གྲ་སྒྲིག་གང་ཡོད་བྱེད་བཞིན་ཡོད་པ་བཀོད་ཡོད་པ་རེད།
རྒྱ་གར་གཞུང་གི་མཚན་འདོན་མ་གནང་བའི་དཔོན་རིགས་ཤིག་གིས་གོང་ཞུས་གསར་ལས་ཁང་ལ། རྒྱ་གར་གྱི་ངོས་ནས་ཧོ་ཏན་(Hotan) ཀཤ་གྷར་(Kashghar)་དང་། ཧོ་པིང་(Hopping)་དང་། ཡང་མངའ་རིས་ཀྱི་སྒར་གྲོང་གསར་དང་། གོང་དཀར་རྫོང་། ལྷུན་རྩེ་རྫོང་སོགས་ཀྱི་ས་ཁུལ་ཁག་གི་ནང་རྟེན་གཞི་བྱེད་པའི་རྒྱ་ནག་གི་གནམ་དམག་གི་རྟེན་གཞིར་རྟོག་ཞིབ་བྱེད་བཞིན་ཡོད་པ་ངོ་སྤྲོད་གནང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org