འཕགས་བོད་ས་མཚམས་ཀྱི་རྩོད་རྙོག་དང་འབྲེལ་ནས་རྒྱ་ནག་གཞུང་གིས་བོད་ནང་དམ་དྲག

རྒྱ་ནག་གཞུང་གིས་འཕགས་བོད་མཐའ་མཚམས་ཀྱི་གནད་དོན་དང་འབྲེལ་ནས་ལྷ་སའི་ཁུལ་དུ་དམ་དྲག་ཇེ་ཆེར་གཏོང་བཞིན་ཡོད་འདུག

ལྷ་སའི་ཉེ་འཁོར་དུ་རྒྱ་ནག་གི་དམག་གི་སྣུམ་འཁོར་མང་པོ་མཐོང་རྒྱུ་ཡོད་པ། ༡༠།༡༦།༢༠ Reuters

རྒྱ་ནག་གཞུང་གིས་འཕགས་བོད་མཐའ་མཚམས་ཀྱི་གནད་དོན་དང་འབྲེལ་ནས་ལྷ་སའི་ཁུལ་དུ་དམ་དྲག་ཇེ་ཆེར་གཏོང་བཞིན་ཡོད་འདུག
དེ་ཡང་རྒྱ་ནག་གཞུང་གིས་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་པ་ནས་བཟུང་། རྒྱ་གར་དང་རྒྱ་ནག་གཉིས་བར་འཕགས་བོད་ས་མཚམས་ཀྱི་གནད་དོན་ཐད་རྩོད་རྙོག་རིམ་པ་བྱུང་དང་འབྱུང་བཞིན་ཡོད་པའི་དུས་སྐབས་འདིར། རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་ས་མཚམས་དང་འབྲེལ་བའི་གནས་ཚུལ་ཁག་བརྒྱུད་བསྐུར་བྱེད་མཁན་རྣམས་ལ་དམ་དྲག་ཤུགས་ཆེ་བྱེད་མུས་ཡིན་འདུག་ཅིང་། ལྷ་སར་གནས་སྡོད་མིང་འབོད་གནང་འདོད་མེད་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། དེང་སྐབས་མཐའ་མཚམས་ཀྱི་གནས་ཚུལ་ལྷག་པ་ནས་བཟུང་། ལྷ་སའི་ཁུལ་དུ་མི་སུ་འདྲ་ཞིག་གིས་མཐའ་མཚམས་ཁུལ་དུ་རྒྱ་མིའི་དམག་མི་འདས་གྲངས་སུ་ཕྱིན་པའི་སྐོར་གཞུང་འབྲེལ་མིན་པའི་གནས་ཚུལ་རིགས་སྤེལ་བ་དང་བརྒྱུད་སྐུར་བྱས་པ་ཡིན་ན། ཐད་ཀར་འཛིན་བཟུང་བྱེད་ཀྱི་ཡོད་པ་མ་ཟད། ད་ལྟའི་ཆར་སྐད་འཕྲིན་ལ་སོགས་པ་དྲྭ་བའི་ཐོག་ཞིབ་བཤེར་ནན་པོ་བྱེད་མུས་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཡང་བོད་མི་ཁོང་གིས་མུ་མཐུད་དུ། རྒྱ་ནག་གཞུང་གིས་མཐའ་མཚམས་བརྟན་སྲུང་ཞེས་བརྗོད་དེ་དེང་སྐབས་ལྷ་སའི་ཁུལ་དང་གཉའ་ནང་རྫོང་ཁོངས། དེ་བཞིན་བོད་ཀྱི་མཐའ་མཚམས་གྲོང་ཁྱེར་དང་གྲོང་གསེབ་ཁུལ་དུ་གྱོན་ཆས་སྔོན་པོ་གོན་པའི་མི་དམངས་ཉེན་རྟོག་པ་ཟེར་བ་འབོར་ཆེན་འགྲེམ་འཇོགས་བྱས་ཡོད་པ་ངོ་སྤྲོད་གནང་སོང་། དེའི་ཐད་རྒྱ་གར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གིས་ས་མཚམས་ཁུལ་དུ་གནས་སྡོད་བོད་མི་ཚོར་དམིགས་བསལ་གྱི་དམ་དྲག་བྱེད་དགོས་དོན་ནི། ས་མཚམས་ཀྱི་གནས་ཚུལ་ཁག་ཕྱི་རུ་མི་ཁྱབ་པའི་ཆེད་དུ་ཡིན་སྲིད་པ་དང་། ཕྱོགས་གཞན་ཞིག་ནས། བོད་མིའི་རང་དབང་སྒེར་ལངས་དུས་དྲན་སླེབས་ལ་ཉེ་བར་བརྟེན་དམ་དྲག་ཇེ་ཆེར་གཏོང་བཞིན་ཡོད་པ་སྔོན་མ་ནས་རེད་ཅེས་དང་། ད་རེས་རྒྱ་ནག་གཞུང་གིས་ས་མཚམས་ཀྱི་གནད་དོན་དང་འབྲེལ་ནས་བོད་ཙམ་མ་ཟད། རྒྱ་ནག་རྒྱལ་ཡོངས་སུ་དམ་དྲག་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གི་མཐའ་མཚམས་དམག་མི་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་དེ་བཞིན་རྒྱ་ནག་གཞུང་གིས་ད་བར་སྦས་གསང་བྱས་པའི་དབང་གིས། ད་སྐབས་རྒྱ་ནག་རྒྱལ་ནང་དུ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་ཞིག་ཡོང་བཞིན་ཡོད་པ་འགྲེལ་བརྗོད་གནང་སོང་།
ཟླ་བ་མང་པོའི་རྗེས་ཀྱི་ཉིན་ཤས་གོང་རྒྱ་ནག་གཞུང་གིས་མཐའ་མཚམས་ཁུལ་དུ་རྒྱ་གར་གྱི་དམག་མི་དང་གདོང་ཐུག་ཁྲོད་རྒྱ་མིའི་དམག་མི་༤འདས་གྲོངས་སུ་ཕྱིན་ཡོད་ཚུལ་ཕྱིར་བསྒྲགས་བྱས་ཡོད་ཀྱང་། རྒྱ་ནག་ནང་གནས་སྡོད་གསར་འགོད་པ་ཟུར་པ་ཞིག་གིས་མཐའ་མཚམས་ཁུལ་དུ་རྒྱ་ནག་གི་དམག་མི་༤ལས་མང་བ་གྲོངས་ཡོད་སྲིད་པའི་གནས་ཚུལ་སོགས་དང་འབྲེལ་བའི་རྩོམ་ཡིག་ཤིག་སྤེལ་བའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་ཁོང་ལོ་ངོ་༡༠ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org