རྒྱ་དཀར་ནག་ས་མཚམས་ཁུལ་དུ་རྒྱ་ནག་གིས་དམག་སྦྱོང༌།
རྒྱ་དཀར་ནག་གི་ས་མཚམས་ཉེ་འཁྲིས་སུ་རྒྱ་ནག་གིས་དམག་སྦྱོང་མ་ཟད་གནམ་དམག་གནམ་གྲུ་འཕུར་བསྐྱོད་དང་སྐོར་གཡེང་ཚོད་ལྟ་བྱས་པ།
-
2012-03-22 -
-
-
༄༅༎རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཉེ་འཁྲིས་་སུ་རྒྱ་ནག་གིས་དམག་སྦྱོང་བྱས་པ་མ་ཟད་རྟགས་ཅན་J-10ཞེས་ཆེས་དེང་རབས་ཀྱི་གནམ་དམག་གནམ་གྲུ་འཕུར་བསྐྱོད་དང་སྐོར་གཡེང་ཚོད་ལྟ་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་༎
་དེ་ཡང་རྒྱ་གར་གྱི་པི་ཀྲི་ཨའེ་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན་ རྒྱ་ནག་བཅིངས་བཀྲོལ་དམག་གི་གནམ་དམག་སྒྲིག་འཛུགས་ནས་ བོད་དང་རྒྱ་གར་གྱི་ས་འབྲེལ་ས་མཚམས་ཁུལ་དུ་ གཞི་རྒྱ་ཆེ་བའི་དམག་སྦྱོང་བྱས་ཡོད་པ་རེད་ གོང་གསལ་གསར་ལས་ཁང་གིས་རྒྱ་ནག་བཅིངས་བཀྲོལ་དམག་གི་ཉིན་རེའི་གསར་ཤོག་ཐོག་བཀོད་པའི་གནས་ཚུལ་ལུང་འདྲེན་བྱས་པའི་ནང་ དམག་སྦྱོང་དེའི་ཐོག་ས་མཐོའི་བོད་ཀྱི་གྲང་ངར་གྱི་གནམ་གཤིས་ནང་ རྒྱ་ནག་བཅིངས་བཀྲོལ་དམག་གི་གནམ་དམག་སྒྲིག་འཛུགས་ཀྱིས་ས་ཐོག་ནས་ཕར་རྒོལ་བྱ་སྟངས་ཀྱི་དམག་སྦྱོང་བྱས་པ་དང་ ལྷག་པར་དུ་གནམ་དམག་གནམ་གྲུའི་སྟེང་མེ་ཤུགས་འཕུར་མདེལ་ལ་སོགས་པའི་གོ་མཚོན་འདེགས་སྟངས་དང་ ཡང་གྲང་ངར་གྱི་ཁོར་ཡུག་ནང་གནམ་གྲུ་འཕུར་བསྐྱོད་བྱ་སྟངས་ལ་སོགས་པའི་དམག་སྦྱོང་བྱས་པ་སོགས་རྒྱ་ནག་བཅིངས་བཀྲོལ་དམག་གི་ཉིན་རེའི་གསར་ཤོག་ཐོག་དཔར་དང་བཅས་པའི་གནས་ཚུལ་བཀོད་ཡོད་པ་རེད་ དམིགས་ཀར་ད་རེས་ཀྱི་དམག་སྦྱོང་དེའི་ནང་རྒྱ་ནག་གི་རྟགས་ཅན་J-10 ཞེས་མཁའ་དབྱིངས་མེ་ཤུགས་འཕུར་མདེལ་བཏེགས་པའི་ཆེས་དེང་རབས་ཅན་གྱི་གནམ་དམག་གནམ་གྲུའི་ནུས་ཚད་དང་ འཕུར་བསྐྱོད་ཀྱི་ཚོད་ལྟ་ཐེངས་གཉིས་པ་དེ་བྱས་འདུག རྒྱུན་ལྡན་རྒྱ་ནག་གི་དམག་སྦྱོང་བྱས་པའི་གནས་ཚུལ་དེ་རིགས་རྒྱ་ནག་ནང་ཁུལ་གྱི་གསར་ཤོག་ཐོག་བཀོད་སྲོལ་དེ་ཙམ་མེད་ཀྱང་ ད་རེས་ཀྱི་དམག་སྦྱོང་སྐོར་རྒྱ་ནག་མི་དམངས་བཅིངས་བཀྲོལ་དམག་གི་གསར་ཤོག་དང་དེ་བཞིན་The Global Times ཞེས་པའི་རྒྱ་ནག་གི་གཞུང་འབྲེལ་གསར་ཤོག་ཐོག་གནས་ཚུལ་བཀོད་སྤེལ་བྱས་པ་དེ་ ཉེ་ལམ་རྒྱ་གར་གཞུང་གིས་ རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཁུལ་དུ་རྒྱ་གར་གྱི་སྲུང་བྱའི་ལས་དོན་རྒྱ་ཆེར་གཏོང་བཞིན་པ་དེར་ལན་འདེབས་ཀྱི་བརྡ་ལན་སྤྲོད་ཐབས་ཡིན་པའི་སྐོར་གནས་ཚུལ་ནང་དབྱེ་ཞིབ་བྱས་འདུག་༎