སངས་རྒྱས་ཀྱི་གོ་འཕང་འགྲུབ་པའི་རྒྱུ་མེད་དུ་མི་རུང་བ།
༧གོང་ས་མཆོག་གིས་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་གོ་འཕང་འགྲུབ་པའི་རྒྱུ་མེད་དུ་མི་རུང་བ་དེ་ཡིན་པ་ཉི་ཧོང་དུ་གསུངས་འདུག
-
2014-04-15 -
-
-
༧གོང་ས་མཆོག་གིས་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་གོ་འཕང་འགྲུབ་པའི་རྒྱུ་མེད་དུ་མི་རུང་བ་དེ་ཡིན་པ་ཉི་ཧོང་དུ་གསུངས་འདུག
དེ་ཡང་ཕྱི་ཚེས་༡༤ཉིན་ཉི་ཧོང་གི་ཀྱོ་ཡོ་སན་ས་གནས་སུ་༧གོང་ས་མཆོག་གིས་སྣམ་སྣང་སྔོན་ལྗང་གི་བཀའ་དབང་སྩལ་གནང་མཛད་སྐབས། སངས་རྒྱས་ཀྱི་གོ་འཕང་དང་རྣམ་པར་ཐམས་ཅད་མཁྱེན་པའི་གོ་འཕང་གཉིས་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཞིང་། བྱང་ཆུབ་ཀྱི་སེམས་དང་ཆོས་ཐམས་ཅད་དེ་ཁོ་ན་ཉིད་གནས་ལུགས་རྟོགས་པའི་བློ་རྒྱུད་ལ་མ་སྐྱེས་ན་རྣམ་མཁྱེན་གྱི་གོ་འཕང་གྲུབ་མི་ཐུབ་པ་བཀའ་གནང་ཡོད་པ་རེད། དེ་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ནི་མཐར་ཐུག་གི་གྲུབ་ཆ་དེ་ཡིན་པ་དང་། གནས་སྐབས་མངོན་མཐོ་ལྷ་མིའི་གོ་འཕང་འགྲུབ་རྒྱུར་ཡང་རྒྱུ་བྱང་ཆུབ་ཀྱི་སེམས་ལས་ལྷག་པ་མེད་པ་བཀའ་གནང་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཞན་གཅེས་པར་བཟུང་བའི་བློ་རྒྱུད་ལ་ཡོད་ཚེ་ཡུལ་སེམས་ཅན་ལ་གནོད་པའི་མི་དགེ་བ་བཅུ་སོགས་ཀྱི་ལས་གསོག་ཐབས་མེད་ཅིང་། མི་དགེ་བ་བཅུའི་ལས་སྤོང་བའི་ཕན་ཡོན་ནི་མངོན་མཐོ་ལྷ་མིའི་གནས་སུ་སྐྱེ་རྒྱུ་དེ་ཡིན་པ་བཀའ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱང་ཆུབ་ཀྱི་སེམས་ནི་ཧ་ཅང་གལ་འགངས་ཆེན་པོ་ཡིན་པར་བརྟེན་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་འཕྲེང་བའི་ནང་། བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ཐབས་ཀྱི་བདག་གཞན་མཉམ་བརྗེའི་ཉམས་ལེན་སྐོར་རྒྱས་པོ་གསུངས་ཡོད་པ་དང་། དེ་བཞིན་འཕགས་པ་ཞི་བ་ལྷས་བྱང་ཆུབ་ཀྱི་སེམས་ནི་གཏན་གྱི་བདེ་སྐྱིད་འགྲུབ་པའི་རྒྱུ་གཙོ་བོ་དེ་ཡིན་པ་གསུངས་ཡོད་པར་བརྟེན་ནང་། ཆོས་ཉམས་ལེན་བྱ་མཁན་སྤྱི་དང་ལྷག་པར་ཐེག་ཆེན་གྱི་ལམ་ཉམས་ལེན་བྱེད་མཁན་ཚོས་ངེས་པར་བྱང་ཆུབ་ཀྱི་སེམས་དང་སྟོང་པ་ཉིད་ཀྱི་དོན་ཤེས་ནས་རྒྱུད་ལ་སྐྱེ་ཐབས་བྱ་དགོས་པའི་བཀའ་སློབ་སྩལ་གནང་མཛད་འདུག
གསར་འགོད་པ་སྐལ་ལྡན་བློ་གྲོས།