བོད་མི་༣༠༠༠ཨ་རིར་གཞིས་སྤོས་སྐོར་ཁྲིམས་འཆར་བཏོན་འདུག
ཨ་རིའི་གྲོས་ཚོགས་ནང་བོད་མི་སྐྱབས་བཅོལ་བ་༣༠༠༠ཨ་མི་རི་ཀར་གཞིས་སྤོས་ཐོངས་མཆན་གནང་རྒྱུའི་ཁྲིམས་འཆར་བཏོན་འདུག
-
2008-07-20 -
-
-
༄༅༎ཨ་མི་རི་ཀའི་གྲོས་ཚོགས་ནང་ རྒྱ་གར་དང་བལ་ཡུལ་གཉིས་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་༣༠༠༠ཐམ་པ་ཨ་མི་རི་ཀར་གཞིས་སྤོས་ཐོངས་མཆན་གནང་རྒྱུའི་ཁྲིམས་འཆར་ཞིག་བཏོན་གནང་འདུག།
ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ ཇོར་ཇེ་མི་ལར་ དང་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ ཇིམ་སེན་སེན་སྦེ་རེ་ནར་ རྣམ་གཉིས་ཀྱིས་ཟླ་བ་འདིའི་ཚེས་༡༧ཉིན་ ཨ་རིའི་གྲོས་ཚོགས་ནང་རྒྱ་གར་དང་བལ་ཡུལ་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་༣༠༠༠ཙམ་ཨ་རིར་གཞིས་སྤོས་ཀྱི་ཐོངས་མཆན་གནང་དགོས་རྒྱུའི་ཁྲིམས་འཆར་དེ་བཏོན་གནང་ཡོད་པ་དང་ གྲོས་ཚོགས་འཐུས་མི་ མི་ལར་ ཡིས་ ང་ཚོས་བཏོན་པའི་གྲོས་འཆར་དེ་ནི་ཨ་རིའི་གྲོས་ཚོགས་ནས་བོད་མི་ཚོར་རོགས་ཕན་གནང་རྒྱུའི་གོམས་སྟབས་ཆུང་ཆུང་ཞིག་ཡིན་རུང་དེ་ནི་ཧ་ཅང་གལ་གནད་ཆེན་པོ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་ རྒྱ་ནག་གཞུང་གི་ཚབས་ཆེའི་དྲག་གནོན་འོག་དཀའ་སྡུག་ཆེན་པོ་མྱོང་བཞིན་ཡོད་པའི་བོད་མི་ཚོར་ ཨ་མི་རི་ཀས་སྐྱབས་བཅོལ་གྱི་རོགས་རམ་གནང་རྒྱུར་ངོས་འཛིན་གནང་དགོས་ཀྱི་རེད་ཅེས་གསུངས་གནང་འདུག
ཕྱགས་བྲེལ་ཇིམ་དང་གཞན་གྱི་ལྷན་དུ་བོད་མི་སྐྱབས་བཅོལ་བའི་དཀའ་ངལ་སེལ་རྒྱུར་ཕན་ཐོགས་ཡོང་བའི་ཕྱག་ལས་མཉམ་རུབ་གནང་རྒྱུའི་གོ་སྐབས་ཐོབ་གནང་བ་དེར་དགའ་སྤྲོ་ཆེན་པོའི་ངང་ཁྲིམས་འཆར་དེའི་ཐོག་ཨ་མི་རི་ཀའི་ཕྱི་སྲིད་ལྷན་ཁང་དང་ལས་དོན་གནང་རྒྱུར་གྲ་སྒྲིག་ཨང་གསར་ཡོད་ཅེས་འགྲེལ་བརྗོད་གནང་འདུག ཁྲིམས་བཟོ་བ་ཇིམ་རྡ་རམ་ས་ལར་གཟིགས་སྐོར་ཕེབས་སྐབས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་རྒྱུའི་གོ་སྐབས་ཐོབ་གནང་བ་དེ་ནི་ཁོང་གི་མི་ཚེའི་ནང་གི་ནམ་ཡང་བརྗེད་ཐབས་མེད་པའི་ཉམ་མྱོང་དམིགས་བསལ་ཅན་ཞིག་ཡིན་པ་དང༌། སྐབས་དེ་དུས་གཟིགས་སྐོར་ལ་ཕེབས་པའི་ཨ་མི་རི་ཀའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པའི་ཚོགས་ཆུང་ལ་བོད་མི་སྐྱབས་བཅོལ་བ་ཚོའི་མཐའ་སྐྱོའི་གནས་སྟངས་སྐོར་བཀའ་བསྡུར་ལྷུག་པུ་གནང་རྒྱུའི་གོ་སྐབས་བཟང་པོ་བྱུང་ཡོད་པར་བརྟེན་། གྲོས་ཚོགས་འཐུས་མི་ མི་ལར་དང་ངོས་གཉིས་ནས་དེ་རིང་གྲོས་ཚོགས་ཐོག་བཏོན་གནང་བའི་ཁྲིམས་འཆར་དེས་ བོད་མི་ཚོའི་དཀའ་ངལ་སེལ་ཐུབ་ཀྱི་རེད་ཅེས་འགྲེལ་བརྗོད་གནང་བཞག