པེ་ཅིན་ལ་རྡོ་སོལ་གྱི་དུ་སྨུག་འཁྲུགས་ནས་བཟོ་གྲྭ་སྟོང་ཕྲག་སྒོ་རྒྱབ་པ།
ཧྥ་རན་སིའི་རྒྱལ་སར་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་གི་ཚོཊ་ཆེན་ཚོཊ་བཞིན་པའི་སྐབས་པེ་ཅིན་ལ་རྡོ་སོལ་གྱི་དུ་སྨུག་འཁྲུགས་པ།
-
2015-12-01 -
-
-
དེ་ཡང་གནས་ཚུལ་ལྟར་ན། རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་རྡོ་སོལ་གྱི་དུ་སྨུག་འཁྲུགས་ཏེ་བཟོ་གྲྭ་སྟོང་ཕྲག་ལྷག་སྒོ་བརྒྱབས་པ་དང་། གནམ་གྲུ་འཕུར་ཐེངས་མང་བོ་ཕྱིར་འཐེན་བྱ་དགོས་བྱུང་བ་སོགས་ཉེན་ཚབ་ཆེན་པོའི་གནས་སུ་ལྷུང་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེན་ཧྥ་རན་སིའི་རྒྱལ་སར་འཚོགས་བཞིན་པའི་འཛམ་གླིང་གི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་གི་ཚོགས་ཆེན་སྟེང་མཉམ་ཞུགས་བྱས་པ་མ་ཟད། ཚོགས་ཐོག་ཏུ་རྒྱ་ནག་གི་གནམ་གཤིས་ཇེ་བཟང་དུ་བཏང་དང་གཏོང་བཞིན་ཡོད་ཚུལ་གྱི་གཏམ་བཤད་སྤེལ་བཞིན་པའི་སྐབས་འདིར། སྤྱི་ཟླ་༡༡ཚེས༢༩རེས་གཟའ་ཉི་མའི་ཉིན་ནས་བཟུང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་མཁའ་རླུང་འབག་བཙོིག་ཆེན་པོ་ཐེབས་ནས་རྡོ་སོལ་གྱི་དུ་སྨུག་འཁྲུགས་པའི་ཚད་གཞི་མཐོན་པོར་བསླེབས་པའི་རྐྱེན་གྱིས་རྒྱལ་སའི་ནང་གནས་སྡོད་མི་མང་ཚོ་ཁང་པའི་ནང་ལ་སྡོད་དགོས་པ་སོགས་ཀྱི་སྔོན་བརྡ་བཏང་འདུག
སྤྱི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་བར་དུ། རྡོ་སོལ་གྱི་དུ་སྨུག་འཁྲུགས་པའི་ཚད་གཞི་ཇེ་སྡུག་ཏུ་སོང་ནས། མཁའ་དབུགས་ཀྱི་ཚད་གཞི་དེས་མིའི་བདེ་ཐང་ལ་ཉེན་ཁ་བཟོ་བའི་ཚད་གཞི་ལས། ལྡབ་སུམ་ཅུ་སོ་ལྔ་ལས་བརྒལ་ཡོད་པར་བརྟེན། པེ་ཅིན་གཞུང་ཕྱོགས་ནས་བཀའ་བཏང་ནས་མཁའ་དབུགས་འབག་བཙོག་བཟོ་བའི་ཚད་མཐོ་ཤས་ཀྱི་བཟོ་གྲྭ་སྟོང་ཕྲག་གཉིས་དང་བརྒྱ་ལྷག་གི་སྒོ་བརྒྱབས་པ་དང་། སློབ་གྲྭ་ཁག་གི་སློབ་མ་ཕྱི་རོལ་དུ་མི་འགྲོ་རྒྱུ། དུ་སྨུག་སྟུག་དྲག་པའི་དབང་གིས་གནམ་གྲུ་འབབ་འཕུར་མ་ཐུབ་པར། སྤྱི་ཚེས་གཅིག་ཉིན་གནམ་གྲུ་སུམ་ཅུ་ཕྱིར་འཐེན་བྱེད་དགོས་པ་སོགས་ཀྱི་ཛ་དྲག་གི་གནས་ཚུལ་ནང་ལྷུང་ཡོད་འདུག
རྒྱ་ནག་གི་དྲ་ལམ་ཁག་ཏུ་གནས་ཚུལ་དེ་གླེང་གཞི་ཆེན་པོ་ཞིག་ཆགས་ཡོད་ལ། དེ་ལས་སློབ་མ་ཞིག་གིས། ཉིན་མང་བོ་ཞིག་ལ་ལུས་རྩལ་གྱི་སློབ་ཚན་མེད་པར་བཟོས་ཟིན་པ་མ་ཟད། སློབ་ཐུན་གྲོལ་ནའང་ཕྱི་རོལ་དུ་འགྲོ་མི་ཕོད་སྟབས། དངོས་གནས་བཙོན་མ་ཞིག་དང་ཁྱད་པར་མི་འདུག་ཅེས་དང་། ཡང་དྲ་དམངས་གཞན་ཞིག་གིས། གལ་སྲིད་ཧྥ་རན་སི་རུ་འགྲོ་ཐུབ་པ་ཡིན་ན་འཛམ་གླིང་གི་གོ་ལོའི་ཚོགས་ཆེན་སྟེང་དུ་གནས་ཚུལ་འདི་ཞིབ་ཕྲའི་ངང་ཞུ་རན་རེད་སོགས་བཀོད་ཀྱིན་ཡོད་འདུག
གནམ་གཤིས་འབག་བཙོག་ཛ་དྲག་ཏུ་གྱུར་པའི་གནས་སྟངས་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིན་ཙམ་མ་ཡིན་པར། རྒྱ་ནག་གི་ཧྭ་པེ་ཡི་ས་ཁུལ་མང་བོ་དང་། ཧྲན་ཏུང་དང་ཧྲན་ཞི། ཧི་ནན་ས་ཁུལ་སོགས་སུ་རྒྱུན་ལྡན་ལྟ་བུར་གྱུར་ཡོད་འདུག
གསར་འགོད་པ་ཀེ་ཐོ།