རྒྱ་ནག་གིས་མེ་ཤུགས་འཕུར་མདེལ་འགྲེམས་འཇོག་བྱས་འདུག
རྒྱ་ནག་གིས་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ནང་མེ་ཤུགས་འཕུར་མདེལ་འགྲེམས་འཇོག་བྱས་ཡོད་ལུགས་བཤད་འདུག
-
2016-02-18 -
-
-
དེ་ཡང་རྒྱ་ནག་གིས་རྩོད་གཞི་ཅན་གྱི་ལྷོ་རྒྱ་ནག་རྒྱ་མཚོའི་མཚོ་གླིང་ནང་། ས་ཐོག་ནས་མཁའ་དབྱིངས་སུ་འཕུར་ཐུབ་པའི་མེ་ཤུགས་འཕུར་མདེལ་འགྲེམས་འཇོགས་བྱས་ཡོད་ལུགས་ཐེ་ཝན་གྱིས་དེ་རིང་བཤད་འདུག་ལ་རྒྱ་ནག་གིས་མངའ་ཁུལ་དེའི་ནང་རང་སྡེ་རང་སྲུང་གི་གོ་མཚོན་འགྲེམས་འཇོགས་བྱ་རྒྱུའི་ཐོབ་ཐང་ཡོད་ལུགས་ནན་བཤད་བྱས་འདུག
Foxགསར་འགྱུར་ལས་ཁང་གིས་འདས་པའི་བདུན་ཕྲག་ནང་རྒྱ་ནག་གི་མེ་ཤུགས་འཕུར་མདའ་གཏོང་སའི་གོ་མཚོནབརྒྱད་དང་། གློག་རྫས་ཆེན་པོ་གཉིས་Woodyམཚོ་གླིང་ནང་སླེབས་ཡོད་ལུགས་གནས་ཚུལ་སྤེལ་བའི་རྗེས། ཐེ་ཝན་གྱི་བདེ་སྲུང་བློན་ཆེན་ལས་ཁང་གིས་དེ་ནི་བདེན་པ་ཡིན་པ་དང་། རྒྱ་ནག་གི་མཁའ་དབྱིངས་སྲུང་སྐྱོབ་ཀྱི་མེ་ཤུགས་འཕུར་མདེལ་མཚོ་གླིང་དེའི་ནང་སླེབས་ཡོད་པ་མཁྱེན་རྟོགས་ཡོད་ལུགས་གསུངས་འདུག
གནས་ཚུལ་འདི་ནི་ཨ་རིའི་སྲིད་འཛིན་Obamaམཆོག་གིས། མངའ་ཁུལ་དེའི་ནང་ཛ་དྲག་གི་གནས་བབས་རིམ་པས་ཆུང་དུ་གཏོང་ཐབས་བྱ་དགོས་པའི་འབོད་སྐུལ་གནང་བའི་རྗེས་སུ་བྱུང་བའི་གནས་ཚུལ་ཞིག་ཡིན་པ་རེད། འོན་ཀྱང་ཕ་རན་སི་གསར་འགྱུར་ལས་ཁང་གིས། ཨ་རིའི་Pentagonདམག་དོན་ལས་ཁང་ལ། རྒྱ་ནག་གི་མེ་ཤུགས་འཕུར་མདེལ་མཚོ་གླིང་དེའི་ནང་སླེབས་ཡོད་པའི་གནས་ཚུལ་དེ་བདེན་པ་ཡིན་མིན་སྐོར་བཀའ་འདྲི་ཞུས་པར་བཀའ་ལན་གང་ཡང་གནང་མིན་འདུག
ལྷོ་རྒྱ་ནག་རྒྱ་མཚོའི་ནང་ཡོད་པའི་མཚོ་གླིང་ཡོངས་རྫོགས་རྒྱ་ནག་རང་གིས་བདག་དབང་ཡོད་ལུགས་བརྗོད་བཞིན་ཡོད་ཅིང་། རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དམག་དོན་ཆེད་བཅོས་མའི་མཚོ་གླིང་བཟོས་པ་དང་། དེ་བཞིན་Spratlyམཚོ་གླིང་ནང་རྒྱ་ནག་གི་ནུས་ཤུགས་ཇེ་ཆེར་བཏང་བའི་རྗེས་མཚོ་གླིང་གི་བདག་དབང་རྩོད་རྙོགས་ཆེ་རུ་ཕྱིན་ཡོད་པ་རེད།
གསར་འགོད་པ་ཚེ་དབང་དངོས་གྲུབ།