བོད་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མི་ཆོག་པ་བཟོས་བ།

བོད་ནང་གནས་སྐབས་རིང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མི་ཆོག་པ་དང་བོད་ནང་ཡོད་པ་ཚོ་ཕྱིར་ཐོན་དགོས་པ་རྒྱ་ནག་གིས་བསྒྲགས་འདུག

ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༡༣།༣ བོད་འབྱོར

བོད་ནང་གནས་སྐབས་རིང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མི་ཆོག་པ་དང་བོད་ནང་ཡོད་པ་ཚོ་ཕྱིར་ཐོན་དགོས་པ་རྒྱ་ནག་གིས་བསྒྲགས་འདུག
དེ་ཡང་རྒྱ་ནག་གི་འཛིན་སྐྱོང་དཔོན་རིགས་ཚོས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་སྐབས་ཅིག་རིང་བོད་རང་སྐྱོང་ལྗོངས་ཁུལ་དུ་ཡོང་ཆོག་རྒྱུ་མིན་པའི་གསལ་བསྒྲགས་བྱས་ཡོད་པ་དང་། གོང་ཞུས་དམ་དྲག་དེ་བཞིན་ད་ལོའི་ཕྱི་ཟླ་༢པའི་ཚེས་༢༥ནས་ཕྱི་ཟླ་༣པའི་ཟླ་མཇུག་བར་ལག་བསྟར་བྱ་རྒྱུ་ཡིན་པ་དང། དམ་དྲག་དེ་དག་ཕྱིར་བསྡུ་བྱ་རྒྱུའི་འགན་ལེན་མེད་ནའང། ཡུལ་སྐོར་སྤྲོ་འཆམ་འགྲུལ་བཞུད་ལས་ཁུངས་ཁག་གིས་ཕྱི་ཟླ་བཞི་པའི་གཟའ་འཁོར་དང་པོ་ཡས་མས་ཞིག་ལ་དམ་དྲག་ཕྱིར་བསྡུ་བྱ་རྒྱུའི་རེ་བ་བྱེད་བཞིན་འདུག
སྤྱི་ལོ་༢༠༠༨ལོའི་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཉིན། བོད་ས་སྤྱི་ཡོངས་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བའི་བོད་པའི་ལོ་རྒྱུས་ནང་འགག་རྩ་ཆེ་བའི་ལོ་འཁོར་དུས་དྲན་སླེབས་ལ་ཉེ་བའི་གོང་དེར། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོང་ཁུལ་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་སུ་ཞིག་ཡོང་མ་ཆོག་པའི་བཀག་སྡོམས་ཀྱི་དུས་ཚོད་གཏན་འབེབ་
བཟོས་ཏེ། ཕྱི་ཟླ་༢པའི་ཚེས་༢༥ནས་བཟུང་རང་སྐྱོང་ལྗོངས་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་མི་ཆོག་པ་བཟོས་འདུག
Tripadvisorཞེས་པའི་འགྲུལ་བཞུད་ལམ་སྟོན་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་
བར་གཞིགས་ན། ཕྱི་ཟླ་༢བའི་ཚེས་༢༥ནས་ཕྱི་ཟླ་༣ཚེས་༣༠འི་བར་བོད་རང་སྐྱོང་ལྗོངས་ཡོངས་རྫོགས་ལ་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་རྒྱུ་སྒོ་བརྒྱབ་ཡོད་ཅིང། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཁུལ་གྱི་གྲོང་ཁྱེར་དང་། རྫོང་སྡེ་ཁག་ཚང་མར་བརྡ་ཁྱབ་ཞིག་བཏང་ཡོད་པའི་ནང། ད་ལྟའི་ཆར་བོད་ཀྱི་ས་ཁུལ་ཁག་ནང་ཡོད་པའི་ཕྱི་རྒྱལ་གྱི་འགྲུལ་པ་ཡོངས་རྫོགས་ཕྱིར་ཐོན་ཟིན་པ་དགོས་རྒྱུ་ཡང་བརྗོད་འདུག
འགྲོ་བ་མིིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡའི་ཚན་པའི་ངེས་སྟོན་པ་གཞོན་པ་Phelim Kineཡིས། Twitterདྲ་ལམ་ཐོག་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་བཀག་འགོག་བྱེད་རྒྱུ་དེ། ཁོང་ཚོར་སྦས་བསྐུངས་བྱེད་དགོས་ཡ་ཅིག་ཡོད་ཀྱི་རེད་ཅེས་འགྲེལ་བརྗོད་གནང་འདུག
བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གསུངས་ན། ༢༠༠༨ནས་བཟུང་རྒྱ་ནང་གི་འཛིན་སྐྱོང་བ་ཚོས་བོད་ཀྱི་ས་ཁུལ་གང་ས་ནས་བོད་མི་༢༣༠༠ལྷག་འཛིན་བཟུང་བྱས་ཡོད་པའི་བསྡོམས་རྩིས་བཏོན་གནང་ཡོད་པ་དང། བོད་ནང་རྒྱ་ནག་གི་དབང་སྒྱུར་ལ་བོད་མི་ཚོས་ངོ་རྒོལ་གནང་སྟེ། ༢༠༠༩ནས་བཟུང་བོད་མི་༡༤༣ལྷག་གིས་བོད་དོན་ཆེད་རང་ལུས་མེར་བསྲེག་བཏང་གནང་ཡོད་པ་སོགས་བརྗོད་ཡོད།

གསར་འགོད་པ་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org