༸གོང་ས་མཆོག་གིས་དེ་སྔ་ལྷ་སར་ཡོད་པའི་བལ་ཡུལ་གཞུང་ཚབ་ཁང་གི་གཞུང་ཚབ་པ་གཞོན་པ་སྐུ་ཞབས་Bahadur khrati Chhetri ལགས་ཀྱི་བུ་མོ་དང་ནང་མི་བཅས་པར་དམིགས་བསལ་མཇལ་ཁ་སྩལ་འདུག

ལྕམ་Basundhara Lama ལགས་ཀྱི་ཁྱིམ་རྒྱུད་ནི་ཧིན་དྷུའི་ཆོས་ལུགས་ཀྱི་རྗེས་འབྲང་པ་ཡིན་ནའང་ཁོང་མོར་ལྷ་སར་བཞུགས་པའི་རིང་དེར་བོད་ཀྱི་ཆོས་དང་རིག་གཞུང་། གོམ་གཤིས་སོགས་ཀྱི་བག་ཆགས་ཟབ་མོ་བཞག་ཡོད་འདུག

བོད་ས་མ་ཤོར་གོང་བོད་དུ་ཡོད་པའི་བལ་ཡུལ་གཞུང་ཚབ་པ་གཞོན་པ་བྷ་གྷཊ་བྷ་དྷུར་ཀཱ་ཊི་ཆེ་ཏྲི་མཆོག་གི་བུ་མོ་བྷ་སུན་དྷ་ར་ལཱ་མ་ལགས་དང་ནང་མི་དང་བཅས་པས་ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༢༢ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་པ། OHHDL

བལ་ཡུལ་མི་སེར་ཡིན་པའི་ལྕམ་Basundhara Lama འམ་བསོད་ནམས་སྒྲོལ་མ་ལགས་ནི་དེ་སྔ་ལྷ་སར་ཡོད་པའི་བལ་ཡུལ་གཞུང་ཚབ་ཁང་གི་གཞུང་ཚབ་པ་གཞོན་པ་སྐུ་ཞབས་Bahadur Khrati Chhetri ལགས་ཀྱི་བུ་མོ་ཡིན་པ་དང་། ཁོང་མོ་༡༩༤༢ ལོར་ལྷ་སར་སྐྱེས་ཏེ་མི་ལོ་༡༢་ཙམ་རིང་ལྷ་སར་བཞུགས་མྱོང་འདུག་ཅིང་། སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་མཆོག་གིས་ཁོང་མོར་བསོད་ནམས་སྒྲོལ་མ་ཞེས་མཚན་གསོལ་ཡོད་འདུག ལྕམ་Basundhara Lama ལགས་ཀྱི་ཁྱིམ་རྒྱུད་ནི་ལྷ་ས་དང་དམིགས་བསལ་འབྲེལ་བ་ཡོད་པ་དང་། ཁོང་མོའི་སྤོ་བོ་ལགས་ནི་དེ་སྔོན་རྒྱལ་དབང་སྐུ་ཕྲེང་༡༣ པ་ཐུབ་བསྟན་འཛིན་རྒྱ་མཚོའི་སྐབས་སུ་ལྷ་སར་ལོ་ངོ་༡༨ རིང་བལ་ཡུལ་ཚབ་པ་གནང་མྱོང་འདུག་པ་མ་ཟད། ཁོང་མོའི་ཕ་ Bahadur Khrati Chhetri ལགས་ཀྱིས་ཀྱང་ལོ་ངོ་༡༧་ཙམ་རིང་ལྷ་སར་བལ་ཡུལ་གཞུང་ཚབ་གཞོན་པའི་ལས་ཁུར་ཞུས་ཡོད་འདུག་པ་དང་། བོད་ལ་རྒྱལ་དབང་སྐུ་ཕྲེང་༡༣ དང་༡༤ གཉིས་ཀར་དངོས་མཇལ་མྱོང་མཁན་གྱི་བལ་པོ་ཕྱི་དྲིལ་མི་སྣ་ཞིག་ཡིན་འདུག

ལྕམ་Basundhara Lama ལགས་ནི་ད་ལྟ་དགུང་ལོ་༨༢ ཡིན་པ་དང་། དེ་སྔོན་ཁོང་མོ་དགུང་ལོ་༡༢ ཡིན་པའི་སྐབས་ལྷ་སར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་༡༤ པ་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ། ད་བར་མི་ལོ་༧༠ ཙམ་རིང་གང་ཉིད་མཆོག་གི་གསེར་ཞལ་དངོས་སུ་མཇལ་རྒྱུ་བྱུང་མེད་པར་རྟེན། འདི་ཚེས་༢༢ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༸གོང་ས་མཆོག་གིས་ཐུགས་བརྩེ་ཆེན་པོས་ཁོང་མོར་དམིགས་བསལ་མཇལ་ཁ་སྩལ་བ་དེ་ནི་ལོ་ངོ་༧༠ རིང་རེ་སྒུག་བྱས་པའི་རྨི་ལམ་མངོན་འགྱུར་བྱུང་བ་ལྟ་བུ་གྱུར་ཡོད་འདུག་ལ། ཁོང་མོས། དེ་སྔོན་ལྷ་སར་ཡོད་པའི་སྐོར་གྱི་གནས་ཚུལ་དྲན་སོས་པ་རྣམས་མགོན་པོ་གང་ཉིད་མཆོག་ལ་སྙན་འབུལ་ཞུས་འདུག

སྤྱིར་བལ་ཡུལ་དང་བོད་གཉིས་ནི་ས་འབྲེལ་ཙམ་མིན་པར་ལོ་རྒྱུས་ཐོག་ཆོས་དང་རིག་གཞུང་། ཚོང་འབྲེལ་སོགས་ཀྱི་ཐོག་ནས་དམིགས་བསལ་འབྲེལ་བ་ཡོད།  དེ་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོས་བལ་ཡུལ་ནས་བལ་གཟའ་ཁྲི་བཙུན་ཁབ་ཏུ་བཞེས་ཡོད་པ་ལོ་རྒྱུས་ནང་གསལ་ཡོད། ལྷ་སར་ཡོད་པའི་བལ་ཡུལ་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་དེ་བོད་ལ་ཡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཡན་ལག་རྙིང་ཤོས་གྲས་ཤིག་ཡིན་འདུག་ཅིང་། དེ་ནི་དུས་རབས་༡༧ ནང་ཐོག་མར་ཚོང་འབྲེལ་གྱི་ངོ་བོའི་ཐོག་ནས་གསར་འཛུགས་གནང་བ་ཞིག་ཡིན་འདུག ལྕམ་Basundhara Lama ལགས་ཀྱི་ཁྱིམ་རྒྱུད་ནི་ཧིན་དྷུའི་ཆོས་ལུགས་ཀྱི་རྗེས་འབྲང་པ་ཡིན་ནའང་ཁོང་མོར་ལྷ་སར་བཞུགས་པའི་རིང་དེར་བོད་ཀྱི་ཆོས་དང་རིག་གཞུང་། གོམ་གཤིས་སོགས་ཀྱི་བག་ཆགས་ཟབ་མོ་བཞག་ཡོད་འདུག

ད་ལྟའི་ཆར་ལྷ་སར་ཕྱི་རྒྱལ་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་ཡོད་མཁན་དེ་བལ་ཡུལ་གཅིག་པུ་ཡིན་པ་དང་། སྐུ་ཞབས་Navaraj Dhakal ལགས་ནི་གཞུང་ཚབ་ཡན་ལག་ལས་ཁུངས་དེའི་ད་ལྟའི་སྐུ་ཚབ་ཡིན་པ་དང་། དེ་སྔོན་ཁོང་གིས་རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་དང་བལ་ཡུལ་གཉིས་དབར་གྱི་ཚོང་འབྲེལ་གྱི་གནད་དོན་ཐོིག་ཕྱག་ལས་མང་དག་ཅིག་གནང་མྱོང་ཡོད་འདུག

གཞན་ཡང་ལྷ་སར་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་དེ་ ༡༩༦༢ ལོའི་ལོ་མཇུག་ཏུ་དངོས་སུ་སྒོ་བརྒྱབ་དགོས་བྱུང་ཡོད་ཅིང་། དེ་ཡང་རྒྱ་གར་ཕྱི་སྲིད་ལྷན་ཁང་གི་བོད་དོན་སྡེ་ཚན་ནང་ཕྱག་ལས་གནང་མྱོང་མཁན་དང་ལོ་རྒྱུས་སྨྲ་བ་སྐུ་ཞབས་(A.S་Bhasin)ལགས་ཀྱིས་དེ་སྔོན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བའི་ནང་། ༡༩༦༢་ལོའི་དམག་འཁྲུག་རྗེས། རྒྱ་ནག་གཞུང་གི་གནོན་ཤུགས་འོག་ལྷ་སར་ཡོད་པའི་རྒྱ་གར་གྱི་གཞུང་ཚབ་ཡན་ལག་ལས་ཁུངས་དེ་རྒྱུན་ལྡན་གྱི་གཞུང་ཚབ་ཡན་ལག་ལྟར་ལས་དོན་གཉེར་བར་བཀག་འགོག་ཤུགས་ཆེར་བྱས་ཡོད་པ་མ་ཟད། གཞུང་ཚབ་ལས་ཁང་དེ་གང་བྱེད་འདི་བྱེད་མེད་པ་བཟོས་ཡོད་པར་བརྟེན། མུ་མཐུད་རྒྱུན་འཛིན་བྱེད་དཀའ་བའི་གནས་སུ་གྱུར་ཏེ་མཐར་དངོས་སུ་སྒོ་བརྒྱབ་དགོས་བྱུང་ཡོད་འདུག

 

གསར་འགོད་པ། བློ་བཟང་དགེ་ལེགས། 
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ། བསྟན་འཛིན་འཕགས་སྒྲོན།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org