ཧོང་ཀོང་གྲོས་ཚོགས་འཐུས་མི་ཞིག་གིས་ཨ་རིའི་ནང་སྐྱབས་བཅོལ་ཞུས་འདུག
ཧོང་ཀོང་ནང་ཕྱིར་འབུད་བྱས་པའི་གྲོས་ཚོགས་འཐུས་མི་ཞིག་གིས་ཨ་རིའི་ནང་སྐྱབས་བཅོལ་ཞུས་འདུག
- 2020-12-12
-
-
-
དེ་ཡང་ཧོང་ཀོང་སྲིད་གཞུང་གིས་ཕྱིར་འབུད་བྱས་པའི་གྲོས་ཚོགས་འཐུས་མི་ Baggio Leung ཞེས་པ་ཟླ་བ་སྔོན་མའི་ནང་ཨ་རིའི་གྲོང་ཁྱེར་Los Angeles ནང་ཕེབས་འབྱོར་བྱུང་བ་དང་དེ་ནས་རིམ་པས་འདི་ག་རྒྱལ་ས་ཝ་ཤིང་ཀྲོན་དུ་ཕེབས་ཏེ་ཚེས་༡༡ཉིན་འདི་ག་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་གསུངས་པའི་ནང་། ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་སྲུང་སྐྱོབ་ཞེས་པའི་ཁྲིམས་གཞི་གསར་གཏོད་བྱས་པའི་འོག་ངོས་རང་ནས་རང་དབང་གི་ཐོག་ནས་སྐད་ཆ་བཤད་དབང་མེད་པ་དང་གལ་སྲིད་སྐད་ཆ་བཤད་པ་ཡིན་ནའང་ཧོང་ཀོང་གི་གསར་འགྱུར་ལས་ཁང་ཚོས་དེ་དག་རྒྱང་སྲིང་དང་པར་སྐྲུན་བྱེད་ཐུབ་ཀྱི་མ་རེད། དེ་འདྲ་ཡིན་དུས་ཧོང་ཀོང་ནང་གནས་སྡོད་བྱེད་པ་ལས་ཨ་རིའི་ནང་ནས་ཧོང་ཀོང་གི་གནད་དོན་ཐོག་ནུས་པ་ཆེ་བའི་ཐོག་ནས་ལས་འགུལ་སྤེལ་ཐུབ་ཀྱི་རེད་ཅེས་གསུངས་ཏེ་གང་ལྟར་ཁོང་གིས་སོ་སོའི་ནང་མི་དང་། Younginspiration ཞེས་པའི་ཁོང་རང་ཉིད་ཀྱིས་བཙུགས་པའི་ཆབ་སྲིད་ཚོགས་པ་དང་མཉམ་འབྲེལ་བ་ཆ་ཚང་གཅོད་རྒྱུའི་ཐག་ཆོད་བྱས་པ་ཡིན་ཞེས་གསུངས་ཡོད་འདུག
ཡང་ཁོང་གི་མུ་མཐུད་ནས་། ངོས་རང་འདི་ག་རྒྱལ་ས་ཝ་ཤིང་ཀྲོན་དུ་ཡོང་རྒྱུའི་དམིགས་ཡུལ་ནི་ཧོང་ཀོང་གི་གནད་དོན་ཐོག་ནུས་པ་སྤུངས་ཐབས་ཆེད་ཡིན་ལ་ཨ་རིའི་སྲིད་འཛིན་སུ་ཞིག་གིས་གཞུང་བཟུང་ཡང་རྒྱ་ནག་ཐོག་འཛིན་པའི་ད་ལྟའི་སྲིད་བྱུས་མཁྲེགས་པོ་དེ་མུ་མཐུད་ནས་གནས་ཐབས་ཡོང་བའི་རེ་བ་བྱེད་ཀྱི་ཡོད་། གང་ལྟར་རྒྱ་ནག་གིས་ཧོང་ཀོང་གི་གནད་དོན་དེ་བཞིན་འདུམ་བསྒྲིགས་མི་བྱེད་ཐབས་མེད་ཞིག་བཟོ་དགོས་ཀྱི་འདུག་ཅེས་གསུངས་ཡོད་པ་རེད།
གོང་དུ་ཞུས་པའི་གྲོས་ཚོགས་འཐུས་མི་ Baggio Leung གྱིས་དེ་སྔ་ཕྱི་ལོ་༢༠༡༦ ལོར་ཧོང་ཀོང་ནང་གཞོན་སྐྱེས་ཚོར་བློ་སྐྱེད་སྤེལ་ཐབས་སུ་དམིགས་ནས་ཆབ་སྲིད་ཚོགས་པ་དེ་བཞིན་གསར་བཙུགས་གནང་བ་དང་། དེ་ནས་རིམ་པས་གྲོས་ཚོགས་ནང་དམ་འབུལ་གནང་བའི་སྐབས་ཧོང་ཀོང་ནི་རྒྱ་ནག་མ་རེད་ཟེར་བ་དང་རྒྱ་ནག་ལ་མི་འདོད་པའི་རྣམ་འགྱུར་གྱིས་ཚིག་འགའ་ཤས་བེད་སྤྱོད་གནང་བ་སོགས་ཀྱི་གནས་ཚུལ་འོག་ནས་མཐའ་མ་མི་མང་གི་འོས་འདེམས་བྱུང་ཡོད་ཀྱང་རིམ་པས་ཧོང་ཀོང་ས་གནས་སྲིད་གཞུང་གིས་ཁོང་དང་རོགས་པ་ཁག་ཅིག་གྲོས་ཚོགས་ཀྱི་འཐུས་མི་ནས་ཕྱིར་འབུད་བཏང་ཡོད་པ་རེད། ད་ཆ་ཨ་རིའི་ནང་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་ཡོད་འདུག ཟླ་བ་སྔོན་མ་ཁོང་ཧོང་ཀོང་གི་གནམ་ཐང་ནས་ཐོན་པའི་སྐབས་ཀྱང་དྭོགས་ཟོན་དང་བཅས་ཞིབ་བཤེར་བྱས་ཡོད་ནའང་མཐའ་མ་ཨ་རིའི་ནང་ཕེབས་ཐུབ་པ་བྱུང་ཡོད་འདུག།