རྒྱ་རིགས་རྩོམ་བྲིས་ཚོགས་པས་བོད་མིར་བྱ་དགའ།

རྒྱ་ནག་གཞུང་གི་བཙོན་འཇུག་འོག་ཡོད་པའི་བོད་རིགས་རྩོམ་བྲིས་པ་གྲགས་ཅན་སྒྲོལ་མ་སྐྱབས་ལགས་སུ་རྒྱ་རིགས་རྩོམ་བྲིས་ཚོགས་པས་ ༢༠༡༢ལོའི་ལིའུ་ཞ་པོའི་སྙིང་སྟོབས་ཀྱི་རྩོམ་བྲིས་བྱ་དགའ་ཞེས་པ་འདི་ཕུལ་འདུག

༄༅།    །ལིའུ་ཞ་པོའི་སྙིང་སྟོབས་ཀྱི་རྩོམ་བྲིས་བྱ་དགའ་ཞེས་པ་འདི་རྒྱ་ནག་ནང་གི་རྩོམ་བྲིས་པ་ཚོར་ལོགས་སུ་ངོས་འཛིན་ཆེད་དམིགས་བཙུགས་བྱས་པའི་རྒྱལ་སྤྱིའི་སྤེན་རྩོམ་བྲིས་ཚོགས་པའི་ཆ་ཤས་ཤིག་ཡིན་པ་དང་།  ཕ་ཡུལ་དྲ་གནས་སུ་གནས་ཚུལ་སྤེལ་བར་གཞིགས་ན། ༢༠༡༢ལོའི་ལིའུ་ཞ་པོའི་སྙིང་སྟོབས་ཀྱི་བྱ་དགའ་འདི་ད་ལྟ་རྒྱ་ནག་གཞུང་གི་བཙོན་འོག་ཏུ་མྱོང་བཞིན་པའི་བོད་རིགས་རྩོམ་བྲིས་པ་སྒྲོལ་མ་སྐྱབས་དང་། རྒྱ་རིགས་རྩོམ་བྲིས་པ་ཝུའུ་དབྱི་ལུང་གཉིས་ལ་གནང་ཡོད་པ་རེད།
སྒྲོལ་མ་སྐྱབས་ལགས་ནི། རྒྱ་ནག་གཞུང་གིས་ ༢༠༠༥ ལོར་ཆབ་སྲིད་ཀྱི་གནད་དོན་སྐོར་རྩོམ་བྲིས་བྱས་པའི་ནག་ཉེས་འོག་འཛིན་བཟུང་གིས་ལོ་བཅུ་དང་ཕྱེད་ཀའི་བཙོན་འཇུག་ཉེས་ཆད་བཏང་སྟེ། ད་ལྟ་ལྷ་སའི་ཉེ་ཁྲིས་ཆུ་ཤུལ་བཙོན་ཁང་ནང་བཙོན་འཇུག་མྱོང་བཞིན་ཡོད་པ་རེད།
དགུང་གྲངས་༣༦ལ་ཕེབས་པའི་སྒྲོལ་མ་སྐྱབས་ལགས་ནི།    བོད་ཤར་ཕྱོགས་མཚོ་བྱང་ཨ་རིག་སྡེ་བ་ནས་ཡིན་པ་དང་། ཁོང་༡༩༩༥ལོར་སློབ་གྲྭ་ཐོན་པའི་རྗེས་ དགེ་རྒན་འོས་སྦྱོང་གནང་སྟེ། རྗེས་སུ་མཚོ་བྱང་འབྲིང་རིམ་སློབ་གྲྭའི་ནང་སློབ་དགེ་གནང་ཡོད་པ་དང་། དེ་རྗེས་རྒྱ་ནག་གི་རྒྱལ་ས་པ་ཅིང་ལ་བསྐྱོད་དེ་སློབ་སྦྱོང་མཇུག་སྐྱོང་གནང་ཡོད་པ་རེད། ༢༠༠༣ ལོར་རྒྱ་གར་ལ་དབྱིན་ཡིག་དང་ཧིན་རྡི་སྦྱངས་བར་ཕེབས་རྗེས་ ༢༠༠༤ ལོར་བོད་ལ་ཕྱིར་ལོག་ཕེབས་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org