རྒྱ་ནག་སྲིད་བློན་ཨའོསི་ཊརེ་ལི་ཡར་འབྱོར་བར་བོད་མི་ཚོས་ངོ་རྒོལ།

རྒྱ་ནག་གི་སྲིད་བློན་ལི་ཆང་ཨའོསི་ཊརེ་ལི་ཡའི་ནང་ཡོང་བར་བོད་མི་ཚོས་ངོ་རྒོལ་ཤུགས་ཆེ་དང་། བོད་མི་ཚོས་ཨའོསི་ཊརེ་ལི་ཡ་གཞུང་གིས་རྒྱ་ནག་སྲིད་བློན་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་གླེང་སློང་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ།

རྒྱ་ནག་སྲིད་བློན་ཨའོསི་ཊརེ་ལི་ཡར་འབྱོར་བར་བོད་མི་ཚོས་ངོ་རྒོལ། རོཡ་ཊར།

རྒྱ་ནག་གཞུང་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དབར་ཆབ་སྲིད་ལངས་ཕྱོགས་མི་མཐུན་པ་དང་།  དཔལ་འབྱོར་གྱི་སྒོ་ཁྲལ་འགེལ་རེས་སོགས་ཕན་ཚུན་བཟང་ཕྱོགས་ཀྱི་འབྲེལ་བ་རྒྱུན་བསྲིང་མ་ཐུབ་པའི་དཀའ་རྙོག་སྣེ་མང་འབྱུང་བཞིན་པ་ལྟར།  ཨའོསི་ཊརེ་ལི་ཡ་རྒྱལ་ཁབ་ལ་མཚོན་ན།  རྒྱ་ནག་ནི་ཁོང་ཚོའི་ཚོང་ཤག་ཆེ་ཤོས་དེ་ཡིན་ནའང་། རྒྱ་ནག་གིས་ས་ཁོངས་རྒྱ་བསྐྱེད་དང་ཕྱི་འབྲེལ་སྲིད་ཇུས་ཉེན་ཁ་ཅན་ཁག་ལ་དམིགས་ཏེ། རྒྱ་ནག་གི་བརྡ་འཕྲིན་ལག་རྩལ་Huawei Technologies ཨའོསི་ཊརེ་ལི་ཡའི་ནང་བཀག་སྡོམ་དང་། རྒྱ་ནག་གིས་ཀྱང་ཨའོསི་ཊརེ་ལི་ཡའི་ཚོང་ཟོག་འཕོན་ཆེ་ལ་སྒོ་ཁྲལ་ཤུགས་ཆེར་བརྒྱབས་པ་སོགས་ཀྱིས།འདས་པའི་ལོ་བདུན་རིང་རྒྱ་ནག་གི་ཆེས་མཐོའི་མགོ་ཁྲིད་ཅིག་ཨའོསི་ཊརེ་ལི་ཡའི་ནང་སླེབས་མེད་པའི་འབྲེལ་ལམ་བསྐྱར་གསོ་བྱས་ཏེ། སྤྱི་ཟླ་༦པའི་ཚེས་༡༧ཉིན་རྒྱ་ནག་གི་སྲིད་བློན་ལི་ཆང་ཨའོསི་ཊརེ་ལི་ཡའི་རྒྱལ་ས་ཁན་བྷ་ར་ལ་འབྱོར་བ་དང་བསྟུན། ས་གནས་བོད་མི་ཚོས་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་ཤུགས་ཆེ་བྱས་པ་མ་ཟད། བོད་མི་ཚོས་ཨའོསི་ཊརེ་ལི་ཡ་གཞུང་གིས་རྒྱ་ནག་སྲིད་བློན་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་གླེང་སློང་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་ཨའོསི་ཊརེ་ལི་ཤེ་ཡའི་བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ནས་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་སྲིད་བློན་གྱིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚབ་ཁོ་ན་ཙམ་མ་གཏོགས། རྒྱ་ནག་གི་མི་སེར་ཐེར་འབུམ་གཅིག་ལྷག་གི་སྐུ་ཚབ་བྱ་རྒྱུའི་འོས་བབ་མེད་པ་རེད། འོན་ཀྱང་ཨའོསི་ཊརེ་ལི་ཡའི་སྲིད་བློན་ནི་མང་གཙོའི་ལམ་ནས་བདམས་པ་ཞིག་ཡིན་པས། ཁོང་གིས་མཁྲེགས་པོ་དང་གདེང་ཚོད་ཡོད་པའི་ཐོག་ནས་བོད་དང་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་དགོས་པ་རེད་ཅེས་འགྲེལ་བརྗོད་གནང་འདུག

ཨའོསི་ཊརེ་ལི་ཡའི་སྲིད་བློན་ Anthony Albanese ལགས་ནས་ཨའོསི་ཊརེ་ལི་ཡའི་ལངས་ཕྱོགས་ནི་མཐའ་འཁོར་རྒྱལ་ཁབ་ཕན་ཚུན་མཉམ་རུབ་ཀྱིས་སྤྱི་སྙོམས་ཡོང་རྒྱུར་འབད་བརྩོན་དང་། རྒྱལ་ཁབ་ཆེ་བས་ཆུང་བར་དབང་ཡོད་ཐུབ་ཚོད་མི་གཏོང་རྒྱུ་དེ་ཡིན་ཞེས་རྒྱ་ནག་གི་སྲིད་བློན་ལ་གསལ་སྟོན་གནང་ཡོད་པ་རེད།

ཁོང་གིས་ཨའོསི་ཊརེ་ལི་ཡའི་ཞིང་པ་དང་གཏེར་ཁ་བསྔོག་འདོན་པ། ཅ་ལག་ཕྱིར་ཚོང་པ་བཅས་ཀུན་ལ་རྒྱ་ནག་དང་ཚོང་འབྲེལ་བསྐྱར་མཐུད་ཀྱིས་ཁེ་ཕན་འབྱུང་གི་ཡོད་པ་དང་ཆབས་ཅིག་ཏུ། རྒྱ་ནག་གི་འཛད་སྤྱོད་པ་རྣམས་ལའང་ཁེ་ཕན་ཐོབ་བཞིན་པ་དང་། ང་ཚོས་མཐའ་འཁོར་རྒྱལ་ཁབ་ཚང་མ་མཉམ་རུབ་གནང་སྟེ་རྒྱལ་ཁབ་ཆེ་ཆུང་བར་དབང་ཤུགས་ཀྱི་ཆེ་ཆུང་མི་ཚད་པར། ཚང་མ་ཆ་སྙོམས་ཡོང་ཐབས་སུ་འབད་བརྩོན་ལངས་ཕྱོགས་འཛིན་པ་དང་ཆབས་ཅིག  ང་ཚོས་རྒྱ་ནག་དང་མཉམ་རུབ་བྱ་ཐུབ་ས་ནས་མཉམ་རུབ་བྱེད་པ་དང་། རྒྱལ་ཁབ་ཀྱི་རྩ་དོན་དང་འབྲེལ་བའི་ངེས་པར་ལངས་ཕྱོགས་ཐ་དད་འཛིན་དགོས་པའི་རིགས་ལ་རྒྱ་ནག་དང་ལངས་ཕྱོགས་མི་འདྲ་བ་འཛིན་རྒྱུ་རེད་ཅེས་གསལ་སྟོན་གནང་ཡོད་ལ། ཨོ་གླིང་བོད་དོན་ལྷན་ཚོགས་ཀྱི་འགན་འཛིན་ལགས་Dr.Zoe Betfordནས།ད་རེས་ཁོང་ཚོའི་གཞུང་གི་ངོས་ནས་ཚོང་གི་སྐོར་ཁོ་ན་མ་གཏོགས། རྒྱ་ནག་གི་སྲིད་བློན་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་འདོད་བློ་ཁེངས་པའི་གླེང་སློང་གང་ཡང་གནང་མེད་པ་འགྲེལ་བརྗོད་གནང་གི་འདུག

སྲིད་བློན་གཉིས་ད་རེས་ཐུག་འཕྲད་ཀྱི་སྟེང་བོད་དོན་སྐོར་བཟང་ཕྱོགས་ཀྱི་གནས་ཚུལ་གང་ཡང་མེད་པར། གཙོ་ཆེར་ཚོང་དོན་ཁོ་ནའི་ཐོག་གྲོས་བསྡུར་དང་དོམ་ཁྲའི་ཕྱི་འབྲེལ་སྲིད་ཇུས་སྐོར་བཤད་བསྡད་ཡོད་པ་ལས། ང་ཚོའི་གཞུང་གིས་བོད་དང་ཡུ་གུར་གྱི་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད། རྒྱ་ནག་སྲིད་བློན་ལ་ཕན་ནུས་ཐོན་པའི་གླེང་སློང་འདོད་བློ་ཁེངས་པ་ཞིག་རྩ་བ་ནས་བྱེད་ཐུབ་མི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག་ཅིང་། རྒྱ་ནག་སྲིད་བློན་ལི་ཆང་གིས་རྒྱ་ནག་དང་ཨའོསི་ཊརེ་ལི་ཡའི་འབྲེལ་ལམ་ཡར་རྒྱས་ཀྱི་འགག་རྩ་ནི། རྒྱལ་ཁབ་གཉིས་ཀར་མི་འདྲ་བའི་ཆ་ཡོད་མིན་ལ་མ་ལྟོས་པར།ཕན་ཚུན་གུས་བརྩི་དང་གཉིས་མོས་ཀྱི་ཐབས་ལམ་བཙལ་ནས་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་བྱ་དགོས་པར་བཤད་ཡོད་ལ། རྒྱ་ནག་གིས་ཨའོསི་ཊརེ་ལི་ཡའི་རྒུམ་ཆང་དང་ཟ་ཆས་ཀྱི་རིགས། རྡོ་སོལ་སོགས་རྒྱ་ནག་ལ་ནང་འདྲེན་ངང་འཐེན་བྱས་པ་ཉེ་ཆར་ཚོང་སྒོ་གློད་ཡོད་པ་དང་མཚུངས་སུ། ཕན་ཚུན་བར་ཨ་སྒོར་ཐེར་འབུམ་༡༣ལྷག་གི་ཚོང་ལས་ཞི་ལྷོད་ངང་འགོ་བཙུགས་ཡོད་པ་རེད།

 

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བཀྲིས་དབང་ཕྱུག

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org