མ་འོངས་བོད་དོན་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་ཚོགས་འདུ་ཞིག རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་བཞུགས་སྒར་དུ་སྐོང་ཚོགས་གནང་ཡོད་པ།
མ་འོངས་བོད་དོན་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་ཚོགས་འདུ་ཞིག རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་བཞུགས་སྒར་དུ་སྐོང་ཚོགས་གནང་ཡོད་པ།
- 2024-10-10
-
-
-
Your browser doesn’t support HTML5 audio
བཞུགས་སྒར་ཉེ་མཁྲིས་རྡོ་ལ་རྡལ་གསོལ་མགྲོན་ཁང་དུ་ཟླ་ ༡༠ ཚེས་ ༤ ནས་ཉིན་གསུམ་རིང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་ཨེ་ཤེ་ཡའི་ས་ཁུལ་རྒྱ་གར་དང་ཉི་ཧོང་། ཐེ་ཝན། བལ་ཡུལ་དང་སོག་ཡུལ། ཐེ་ལཎྜི་བཅས་རྒྱལ་ཁབ་དྲུག་གི་བོད་དོན་འབྲེལ་མཐུད་དང་ལས་འགུལ་བའི་སྐུ་ཚབ་རྣམས་གདན་ཞུས་ཀྱིས། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་སྤྱི་དང་ཁྱད་པར་ཨེ་ཤེ་ཡའི་མངའ་ཁུལ་གྱི་དམིགས་བསལ་གནས་བབ་འདྲ་མིན་དང་བསྟུན། བོད་དོན་ཐོག་མཉམ་རུབ་དང་མ་འོངས་བོད་དོན་ལས་འགུལ་སྤེལ་ཕྱོགས་དང་འབྲེལ་བའི་གོ་བསྡུར་ལྷན་ཚོགས་ཤིག་གནང་ཡོད་ཅིང་། རྒྱལ་ཁབ་འདྲ་མིན་གྱི་ཚོགས་བཅར་བ་ ༣༥ ལྷག་ཕེབས་པ་ཚོ་ལས་ཉིན་དང་པོར། བོད་མི་ཚོགས་བཅར་བ་ཚོར་བོད་དོན་ཐོག་འབྱུང་འགྱུར་ཡར་རྒྱས་དང་འདས་པའི་ལས་འགུལ་ལ་ཕྱོགས་བསྡོམས་སོགས་གནང་ཡོད་པ་ཟད། ཉིན་གཉིས་པ་ནས་བཟུང་སྤྱི་ཡོངས་ཀྱི་དྲ་རྒྱའི་བདེ་འཇགས་སོགས་ཀྱིས་མཚོན། འབྱུང་འགྱུར་ལས་འགུལ་གྱི་ཁ་ཕྱོགས་སོགས་གོ་བསྡུར་གནང་ཡོད་པ། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ལས་འཆར་དང་ཁོར་ཡུག་འབྲེལ་མཐུད་པ་བློ་བཟང་དབྱངས་མཚོ་ལགས་ནས་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་ཁོང་གིས་ཚོགས་འདུ་དེར་མཉམ་ཞུགས་པ་མང་ཆེ་ཤོས་གཞོན་སྐྱེས་ཡིན་པ་དང་།ལྷག་པར་མི་རིགས་གཞན་ནས་གཞོན་སྐྱེས་མང་པོ་ལྷན་ཞུགས་གནང་ཐུབ་ཡོད་པར་བརྟེན།ཚོགས་འདུ་དེ་ཡག་པོ་བྱུང་སོང་བར་ངོས་འཛིན་གནང་གི་ཡོད་ཅེས་འགྲེལ་བརྗོད་གནང་གི་འདུག
ཚོགས་འདུ་དེར་འདི་ལོ་གཙོ་ཆེར་གོད་ཆག་དང་སྟབས་མ་ལེགས་པའི་གནས་ཚུལ་སྤྱི་དང་ཁྱད་པར་དྲ་ལམ་གྱི་དཀའ་ངལ་ཐོག་གདོང་ལེན་གནང་སྟངས་ཐོག་གོ་བསྡུར་ལྷུགས་པོ་བྱུང་ཡོད་ཐོག འབྱུང་འགྱུར་གྱི་གནད་དོན་གལ་ཆེན་ཁག་ཅིག་གཙོར་འདོན་གྱིས་བགྲོ་གླེང་གནང་ཡོད་པ་མ་ཟད། ཚོགས་པ་ཁག་གིས་ས་གནས་ས་ཐོག་ཏུ་ལས་འགུལ་སྤེལ་ཕྱོགས་གོ་བསྡུར་གནང་བའི་མུར། དམིགས་བསལ་སོག་ཡུལ་ནས་ཡོང་བའི་བུ་མོ་ཞིག་ཡོ་རོབ་དང་ཚོགས་འདུ་འདི་ག་གཉིས་ནས་འབྲེལ་བ་བྱུང་སྟེ། ཁོང་ནས་བོད་དོན་སྐོར་ལས་འགུལ་ཅིག་སྤེལ་འདུན་ཡོད་པ་སོགས་ཀྱི་སྐོར། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་བོད་དོན་ཞུ་གཏུག་ཚན་པའི་འབྲེལ་མཐུད་པ་དཔལ་མོ་ལགས་ནས་འགྲེལ་བརྗོད་གནང་གི་འདུག
རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་གིས་གོ་སྒྲིག་གནང་བའི་ཚོགས་འདུ་དེར། བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་སྟེ། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་ཀྱི་བུད་མེད་ལྷན་ཚོགས། བོད་ཀྱི་གཞོན་ནུའི་ལྷན་ཚོགས་བཅས་ནས་ཀྱང་མཉམ་ཞུགས་གནང་ཡོད་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།