རྒྱ་ནག་གིས་བོད་རྒྱ་མཛའ་འབྲེལ་ཚོགས་པར་སྐྱོན་བརྗོད་བྱས།

རྒྱ་ནག་གཞུང་གིས་བོད་རྒྱ་མཛའ་འབྲེལ་ཚོགས་པ་ཞེས་པ་དེ་རྒྱ་ནག་ཁ་བྲལ་གཏོང་ཐབས་ཀྱི་ངན་བྱུས་གསར་པ་ཞིག་ཡིན་པའི་སྐྱོན་བཙུགས།

༄༅༎རྒྱ་ནག་གཞུང་གིས་རྩོམ་ཡིག་ཅིག་རྒྱུད་ཕྱི་རྒྱལ་ཡུལ་ཁག་གང་སར་གསར་བཙུགས་བྱུང་བའི་བོད་རྒྱ་མི་རིགས་ཀྱི་མཛའ་འབྲེལ་ཚོགས་པ་ཞེས་པ་དེ་༸གོང་ས་མཆོག་དང་༸གོང་ས་མཆོག་གི་ཕྱོགས་ཐོགས་པ་ཚོས་རྒྱ་ནག་ཁ་བྲལ་གཏོང་ཐབས་ཀྱི་ངན་བྱུས་གསར་པ་ཞིག་ཡིན་པའི་ སྐྱོན་བཙུགས་བྱས་ཡོད་པ་རེད་

དེ་ཡང་རྒྱུན་ལྡན་ལྟར་རྒྱ་ནག་གཞུང་གིས་རྩོམ་བྲིས་པ་ཡེ་རྡོར་ཞེས་པའི་མིང་ཐོག་ནས་ཏཱ་ལའི་བླ་མས་བོད་རྒྱ་མཛའ་འབྲེལ་ཚོགས་པ་ཞེས་པའི་ ཚོགས་པ་གསར་བཙུགས་ཀྱིས་རྒྱ་ནག་གཞུང་ལ་ངོ་ལོག་བྱེད་མཁན་རྒྱ་རིགས་ཚོའི་ལྷན་ལག་འབྲེལ་གྱིས་རྒྱ་ནག་ཁ་བྲལ་གཏོང་ཐབས་ཀྱི་ལས་འགུལ་ལ་ཞུགས་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད་

དེ་ཡང་ཡེ་རྡོར་ཟེར་བའི་དངོས་མིང་ངོ་སྤྲོད་མ་ཐུབ་པའི་རྒྱ་གཞུང་གི་རྩོམ་བྲིས་པ་དེའི་རྩོམ་བྲིས་སྤེལ་བའི་ནང་བོད་རྒྱ་མཛའ་འབྲེལ་ཚོགས་པ་བཙུགས་དགོས་པའི་བསམ་འཆར་དེ་རྒྱ་ནག་ལ་རྒྱབ་འགལ་བྱེད་མཁན་གྱི་ཧུར་བཙོན་པ་ཁག་ཅིག་གིས་ལོ་ངོ་བཅུའི་གོང་ཨ་རིའི་ནང་བཏོན་པའི་བསམ་འཆར་ཞིག་ཡིན་པ་དང་ཡིན་ནའི་ཏཱ་ལའི་བླ་མས་བསམ་འཆར་དེ་སྔ་ལོ་ལྷ་སའི་ཟིངས་ཆའི་རྗེས་ཁོང་ལ་ཕྱི་སྡོད་རྒྱ་རིགས་མང་ཚོགས་ཀྱིས་་སྐྱོན་བརྗོད་བྱུང་བའི་རྗེས་དེར་བདག་སྤྲོད་ཀྱིས་ཏཱ་ལའི་བླ་མས་ཨོ་སི་ཀྲོ་ལི་ཡ་དང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་བཅས་སུ་གཟིགས་བསྐོར་སྐབས་རྒྱ་ནག་ལ་རྒྱབ་འགལ་བྱ་མཁན་གྱི་རྒྱ་རིགས་ཧུར་བཙོན་ཅན་ཁག་ཅིག་ལ་ཚོགས་པ་དེ་གང་མགྱོགས་གསར་བཙུགས་དགོས་པའི་ སློབ་སྟོན་དང་རྒྱབ་སྐྱོར་གནང་ཡོད་ཅེས་དང་ཕྱོགས་མཚུངས་རྒྱ་ནག་ལ་རྒྱབ་འགལ་བྱེད་མཁན་གྱི་རྒྱ་རིགས་ཁག་ཅིག་དང་བོད་རང་བཙན་རྩོད་ལེན་བྱེད་མཁན་གྱི་བོད་མི་ཧུར་བཙོན་པ་ཚོ་མཉམ་རུབ་ཀྱིས་འདི་ལོ་ཡོ་རོབ་ནང་བོད་རྒྱའི་ལྷན་ཚོགས་ཟེར་བ་ཞིག་ཀྱང་གོ་སྒྲིག་གིས་སྐབས་དེར་ཚོགས་བཅར་བ་ཚོས་བོད་རྒྱ་མཛའ་འབྲེལ་ཚོགས་པ་བཙུགས་དགོས་པའི་དམིགས་ཡུལ་དེ་ཚོགས་པར་དེར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱེད་མཁན་མང་ཚོགས་ཀྱི་ནུས་ཤུགས་ཆིག་སྒྲིལ་གྱིས་དམར་ཤོག་ཚོགས་པའི་དྲག་གནོན་ལ་གདོང་ལེན་བྱ་རྒྱུ་ཡིན་པའི་སྐོར་ འགྲེལ་བཤད་རྒྱབ་ཡོད་ཅེས་བཀོད་ཡོད་པ་རེད་

ཡེ་རྡོར་ཟེར་བའི་མིང་ཐོག་སྤེལ་བའི་རྩོམ་བྲིས་དེས་མཐའ་སྡོམ་བོད་རྒྱ་མཛའ་འབྲེལ་ཚོགས་པ་ཟེར་བ་དེ་མིང་ག་རེ་བེད་སྤྱོད་བྱ་མིན་ལ་མ་ལྟོས་པར་ཚོགས་པ་དེས་བོད་རིགས་ཀྱི་ངོ་བོ་ཡང་མཚོན་གྱི་མེད་ལ་རྒྱ་རིགས་ཀྱི་ངོ་བོ་ཡང་མཚོན་གྱི་མེད་ཅེས་བཀོད་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org