ཁེ་ཎ་ཌའི་གྲོས་ཚོགས་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་མཚམས་འཇོག་དགོས་པའི་གཏམ་བཤད།

ཁེ་ཎ་ཌའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ ཨ་རཱིཕ་ ཝི་རཱ་ནི་ ལགས་ནས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གློད་བཀྲོལ་གཏོང་དགོས་པ་དང་རྒྱ་ནག་གཞུང་ནས་བོད་ནང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་བཞིན་པ་མཚམས་འཇོག་དགོས་པའི་གཏམ་བཤད་གནང་འདུག

འདྲ་བཤུས།

འདི་ཟླའི་ཚེས་༡༩ ཉིན་ཁེ་ན་ཌའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ ཨ་རཱིཕ་ ཝི་རཱ་ནི་ (Arif Virani) ལགས་ནས་གྲོས་ཚོགས་ཀྱི་ཚོགས་དུས་སྐབས་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་ནས་མགྱོགས་མྱུར་གློད་བཀྲོལ་གཏོང་དགོས་པའི་གཏམ་བཤད་གནང་བ་ཁོང་གི་སྤྱི་ཚོགས་དྲྭ་རྒྱའི་ནང་སྟོན་འདུག

འཐུས་མི་ཁོང་ནས་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་བོད་ཀྱི་ནང་པ་སངས་རྒྱས་ནང་མཛད་འགན་ཆེན་པོ་བཞེས་མཁན་ཞིག་དང་། དེ་བཞིན་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གནང་ཕྱོགས་དང་འབྲེལ་བ་ཡོད་པ་གསལ་སྟོན་གནང་འདུག

དེ་བཞིན་སྤྱི་ལོ་༡༩༩༥ ལོ་ནས་བཟུང་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རྒྱ་གཞུང་གི་བཙན་ཁྲིད་འོག་གར་སོང་ཆ་མེད་དུ་གྱུར་བ་དང་ཁོང་ནི་འཛམ་གླིང་ནང་ནས་ཆབ་སྲིད་བཙོན་པ་ཆུང་ཤོས་ཡིན་པ་དང་རྒྱལ་སྤྱིའི་ནང་ནས་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་དང་འབྲེལ་ཁོང་ག་པར་ཡོད་པའི་དགོས་འདུན་སྟོན་པ་ཁག་ལ་རྒྱ་ནག་གཞུང་ནས་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་སྐོར་གསུངས་འདུག

དེ་མིན་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་ནས་བདུན་ཕྲག་འདི་ཡི་ནང་༸པཎ་ཆེན་རིན་པོ་ཆེ་མཆོག་བཙན་ཁྲིད་བྱས་པའི་གནས་སྟངས་དང་དེ་བཞིན་བོད་ནང་དུ་རྒྱ་གཞུང་གིས་གཏན་འཇགས་སློབ་གྲྭའི་ནང་དུ་བོད་ཕྲུག་ས་ཡ་གཅིག་ལྷག་ཙམ་ཞིག་ལ་སོ་སོའི་ངོ་བོ་དང་རིག་གཞུང་། སྐད་ཡིག་སྦྱོང་རྒྱུ་གོ་སྐབས་མེད་པ་སོགས་གསུང་འདུག

བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་རྣམས་རྒྱ་གཞུང་ནས་མཚམས་འཇོག་དགོས་པའི་ནན་བརྗོད་དང་ཆབས་གཅིག་འདི་ལོ་༸ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་གསུམ་བཅུ་སོ་བཞི་འཁོར་བའི་འཁྲུངས་སྐར་དང་སྟབས་བསྟུན་གྲོས་ཚོགས་ཀྱི་འཐུས་མི་རྣམས་ནས་ཁོང་དང་མཉམ་དུ་རྒྱབ་སྐྱོར་གནང་ནས་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མགྱོགས་མྱུར་གློད་བཀྲོལ་དགོས་པའི་རེ་འདུན་སྟོན་འདུག

མཐའ་དོན་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ ཨ་རཱིཕ་ ཝི་རཱ་ནི་ Arif Virani ལགས་ནི་ཨོན་ཏྲེ་རི་ཡོ་མངའ་སྡེའི་བོད་མི་གནད་སྡོད་གནང་ས་མང་ཤོས་ས་གནས་སྤག་སྒྲེལ་དང་ཧེ་སྤག་དབུས་གྲོས་ཚོགས་འོག་མའི་འཐུས་མི་ཞིག་ཡིན་པ་དང་ཁོང་ནས་དུས་དང་རྣམ་པ་ཀུན་ཏུ་གོ་སྐབས་ནམ་བྱུང་ལ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་བོད་རྒྱ་ཞི་མོལ་གནང་རྒྱུར་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་འདུག།

གསར་འགོད་པ། ཨོ་རྒྱན།

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org