ཀིརྟི་དགོན་པའི་ནང་ཞི་ཐབས་ཡོང་བའི་འབོད་སྐུལ།
༸གོང་ས་མཆོག་གིས་བོད་མིའི་སེམས་ཀྱི་དཀའ་སྡུག་རྣམས་སྙིང་སྟོབས་དང་རྣམ་སྤྱོད་ཀྱི་ཐོག་ནས་སེལ་ཐབས་ཡོང་བའི་འབོད་སྐུལ་ཞུས་འདུག
-
2011-04-16 -
-
-
༄༅༎མདོ་སྨད་ཨ་མདོ་རྔ་པའི་ཀིརྟི་དགོན་པའི་ཐོག་རྒྱ་ནག་གཞུང་གིས་དམ་བསྒྲགས་དང་དྲག་གནོན་བྱེད་བཞིན་པ་དེ་ནི་ཆེས་བློ་འཚབ་སྐྱེ་གཞིའི་ཛ་དྲག་གི་གནས་ཚུལ་ཞིག་ཡིན་པར་བརྟེན། རྒྱ་ནག་གཞུང་གིས་དྲག་གནོན་བྱ་རྒྱུའི་ཚབ་ཏུ། བོད་མིའི་སེམས་ཀྱི་དཀའ་སྡུག་རྣམས་སྙིང་སྟོབས་དང་རྣམ་སྤྱོད་ཀྱི་ཐོག་ནས་སེལ་ཐབས་ཡོང་བའི་འབོད་སྐུལ་ཞུ་གི་ཡོད་ཅེས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འདི་ཚེས་༡༥ཉིན་གནང་བའི་གསུང་འཕྲིན་ནང་བཀའ་བསྩལ་གནང་མཛད་འདུག གསུང་འཕྲིན་དེའི་ནང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ཀྱི་བྱང་ཤར་ཨ་མདོ་རྔ་པའི་ཀིརྟི་དགོན་པར་དེང་སྐབས་ས་གནས་བོད་མི་དང་། རྒྱ་ནག་གཞུང་གི་དཔུང་དམག་དབར་འགལ་ཟླའི་གདོང་ཐུག་བྱེད་བཞིན་པར་དེར་ངོས་ལ་བློ་ཚབས་ཆེན་པོ་ཡོང་གི་འདུག་པ་མ་ཟད། ཛ་དྲག་གི་གནས་སྟངས་དེ་མུར་ལྷག་པ་ཡིན་ན་བོད་མི་ཚོའི་ཐོག་བྱུས་ཉེས་ཧ་ཅང་ངན་པ་ཡོང་བཟོ་ཡོད་པར། ངས་ཀིརྟི་དགོན་པའི་དགེ་འདུན་པ་དང་ས་གནས་བོད་མི་ཚོར། རྒྱ་ནག་གི་འགོ་འཁྲིད་ཚོར་དྲག་གནོན་བྱེད་པར་ཁག་འཁྲི་བྱེད་རྒྱུའི་བྱ་ཐབས་རིགས་རྩ་བ་ནས་མ་སྤེལ་རོགས་ཞེས་དང༌། ཡང་རྒྱལ་སྤྱིའི་གཞུང་དང་། མང་ཚོགས། དེ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཚོར། ད་ལྟའི་དཀའ་ངལ་འདི་སེལ་ཐབས་སུ་ རྒྱ་ནག་གཞུང་གིས་བཟོད་བསྲན་གྱི་ཐབས་ལམ་ཞིག་འཚོལ་སྒྲུབ་ཡོང་བར་ཁྱེད་རྣམ་པས་ནན་སྐུལ་གནང་རོགས་ཞེས་ཤུགས་ཆེན་པོས་འབོད་སྐུལ་ཞུ་གི་ཡོད།
འདས་པའི་མི་ལོ་དྲུག་བཅུའི་རིང༌། རྒྱ་ནག་གཞུང་གིས་དྲག་ཤུགས་ཁོ་ནའི་ཐོག་ནས་བོད་ནང་གི་དཀའ་རྙོག་སེལ་ཐབས་བྱས་པ་དེ་ཡིས། བོད་མིའི་སེམས་ཀྱི་ན་ཚ་དང་འཁོན་འཛིན་ཆེ་རུ་བཏང་ཡོད་པར་སོང༌། རྒྱ་ནག་གཞུང་གི་འགོ་འཁྲིད་ཚོས། བློ་སྟོབས་དང་རྣམ་སྤྱོད་བེད་སྤྱོད་བྱེད་པའི་ཐོག་ནས་བོད་མིའི་དངོས་ཡོད་དཀའ་སྡུག་རྣམས་སེལ་ཐབས་བྱེད་དགོས་པ་ལས། དྲག་ཤུགས་བེད་སྤྱོད་མི་ཡོང་བའི་འབོད་སྐུལ་ཞུ་གི་ཡོད་ཅེས་བཀའ་གནང་འདུག།