ཁོང་ཁྲོ་དང་ཕུགས་རྒྱང་རིང་པོའི་བསམ་བློ་མེད་པས་རེད་གསུངས།
༧གོང་ས་མཆོག་གིས་ཧྥ་རན་སིར་འཇིཊ་སྐུལ་དྲག་སྤྱོད་པས་མི་བསད་ཁྲག་སྦྱོར་གྱི་བྱ་སྤྱོད་སྤེལ་བ་དེ་ནི་ཧ་ཅང་གི་ཐབས་སྡུག་ཡིན་པ་གསུངས་འདུག
-
2015-01-13 -
-
-
༧གོང་ས་མཆོག་གིས་ཧྥ་རན་སིར་འཇིཊ་སྐུལ་དྲག་སྤྱོད་པས་མི་བསད་ཁྲག་སྦྱོར་གྱི་ཚབས་ཆེའི་བྱ་སྤྱོད་སྤེལ་བ་དེ་ནི་ཧ་ཅང་གི་ཐབས་སྡུག་ཡིན་པ་གསུངས་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཉེ་ཆར་ཧྥ་རན་སིའི་རྒྱལ་ས་པེ་རིསི་རུ་འཇིགས་སྐུལ་དྲག་སྤྱོད་པས་མི་བསད་ཁྲག་སྦྱོར་གྱི་ཚབས་ཆེའི་བྱ་སྤྱོད་སྤེལ་བ་དེ་ནི་ཧ་ཅང་གི་ཐབས་སྡུག་ཡིན་པ་རེད་ཅེས་དང་། དེ་ནི་གཙོ་བོ་ཁོང་ཁྲོ་དང་ཕུགས་རྒྱང་རིང་པོའི་བསམ་བློ་མེད་པ། དེ་བཞིན་མི་ཤེས་རྨོངས་པའི་དབང་གིས་བྱུང་བ་ཞིག་ཡིན་པ་རྒྱ་གར་གྱི་ཀོལ་ཀོ་ཏེའི་གྲོང་ཁྱེར་ནང་ཆགས་པའི་ Presidency མཐོ་སློབ་ཁང་གི་དགེ་སློབ་ཚོར་བཀའ་སློབ་གསུང་བཤད་གནང་སྐབས་བཀའ་གནང་ཡོད་པ་རེད།
ཧྥ་རན་སིའི་རྒྱལ་ས་པེ་རི་སིའི་ Charlie Hebdo དུས་དེབ་གསར་ཁང་དུ་དྲག་རྒོལ་གྱི་དོན་རྐྱེན་དེའི་འོག་མི་བཅུ་བདུན་རྐྱེན་ལམ་དུ་སོང་ཡོད་པ་རེད། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཀོལ་ཀོ་ཏའི་གྲགས་ཅན་མཐོ་སློབ་ཁང་དེའི་ནང་། འགྲོ་བ་མི་ཐོུང་གི་ཐོག་ནས་འཛམ་གླིང་ཞི་བདེ་བསྐྲུན་ཐབས་ཞེས་པའི་བརྗོད་གཞིའི་སྒོ་ནས་བཀའ་སློབ་གསུང་བཤད་བསྕལ་གནང་མཛད་ཡོད་ཅིང་། སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ནི་ཕྱི་དངོས་པོའི་ཡར་རྒྱས་དང་དེ་ལས་བརྟེན་ནས་འབྱུང་བའི་ཕྱིའི་བདེ་སྐྱིད་འགྲུབ་ཐབས་ལ་གཙོ་བོར་དམིགས་པ་ཞིག་ཡིན་པ་དང་། ནང་སེམས་ཀྱི་ཤེས་ཡོན་དང་ལྷག་པར་དུ་མིའི་རང་བཞིན་ལྷན་སྐྱེས་སུ་ཡོད་པའི་བྱམས་པ་དང་སྙིང་རྗེ་སོགས་གོང་འཕེལ་གཏོང་ཐབས་དང་འབྲེལ་བའི་ཤེས་ཡོན་སློབ་གསོ་ཧ་ལམ་མེད་པའི་ལམ་ལུགས་དེར་འགྱུར་བ་གཏོང་དགོས་ངེས་ཡིན་པའི་བཀའ་སློབ་ཕེབས་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྱམས་པ་དང་སྙིང་རྗེ་གོང་འཕེལ་གཏོང་ཐབས་ཞེས་པ་དེ་ནི་ངེས་པར་ཆོས་ལུགས་བྱེ་བྲག་པ་ཞིག་ལ་བརྟེན་ནས་ཡོང་དགོས་པ་མིན་པ་བཀའ་གནང་ཡོད་པ་རེད།
ཁ་སང་ཕྱི་ཚེས་༡༢ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཀོལ་ཀ་ཏ་གྲོང་ཁྱེར་དེའི་ནང་ཡོད་པའི་ནོ་བེལ་ཞི་བདེའི་བྱ་དགའ་བཞེས་པ་པོ་ཉམས་ཐག་བདག་མེད་ཚོར་བལྟ་སྐྱོང་གནང་མཁན་ཡེ་ཤུའི་བཙུན་མ་མ་ཐར་ཏེ་རེ་ས་འདས་པོ་དེའི་ལྟེ་གནས་ཁང་དུ་འཚམས་གཟིགས་གནང་ཡོད་པ་རེད།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།